འགྱོད་པ། རྟ་ནག་རྡོ་རྗེ་འབུམ།
འགྱོད་པ།
མཐོ་གཉིས་འཛིན་བཞི། རྟ་ནག་རྡོ་རྗེ་འབུམ།
ཐོབ་དཀའ་ལུས་རྟེན་བཟང་བོ་ལས་ཀྱིས་གནང༌།།
བྲལ་དཀའ་སྡུག་གི་འཁོར་བའི་འདམ་ལ་སྦྱར།།
མི་འདོད་ལན་ཆགས་ཆེ་བའི་ཉོན་མོངས་ཁྲོད།།
སྐྱོ་བའི་མིག་ཆུ་བཞུར་བ་ཐེངས་གཅིག་མིན།།
འགྱོད་གདུང་སྙིང་ལ་གཟན་པའི་ན་ཟུག་འདི།།
སྔོན་བསགས་ལས་ངན་བྱས་བའི་འབྲས་བུ་རེད།།
ཐར་བའི་ལམ་བུ་སྙེགས་པའི་བསམ་པ་ཏེ།།
ཕུང་གཞི་མ་འཐོར་བར་དུ་ནམ་ཡང་མངའ།།
བྱང་སེམས་ལྷན་སྐྱེས་འཕགས་པའི་གསུང་སྙིང་གིས།།
ཉོན་མོངས་དུག་གི་རྨོངས་བ་ཚར་བཅད་ནས།།
དགེ་སྒྲུབ་སྡིག་སྤང་བྱེད་པའི་ཐར་ལམ་ཞིག།
དགག་མེད་ལྷུན་གྱིས་ཁོ་བོར་གནང་བར་མཛོད།།
སྐྱེ་བ་རྗེས་མའི་འགྲུལ་བཞུད་མཐའ་དག་ནི།།
འཚེ་མེད་ཞི་བདེ་དག་པའི་ཞིང་ཁམས་ནས།།
ནམ་ཞིག་སྐྱེ་བའི་སྨོན་པའི་གདུང་དབྱངས་འདི།།
སྐལ་བ་སྟོང་ལ་བསགས་པའི་འབོད་པ་ཡིན།།