གྱེས་བྲལ་གྱི་ན་བུན། སྙིང་རྒྱ་ཐར།
གྱེས་བྲལ་གྱི་ན་བུན།
བུ་མོNRCལ་ཕུལ།
མཐོ་གཉིས་དྲུག་པ། སྙིང་རྒྱ་ཐར།
སྤྲོ་འཛུམ་དགར་འབོད་རབ་ཀྱིས་མ་སྤྲས་སྟོན་གྱི་བ་མོ་རིང་ནས་བཞུད།།
སེམས་ཀྱི་ན་ཟུག་མི་ཕྱེད་འཁུམ་སྒྲ་བཙན་གྱིས་ཟེགས་ནས་དབྱེན་སར་ལྷུང༌།།
རེ་ཐག་འཛའ་ཚོན་ཡིད་ཀྱི་གུར་ཁང་ད་རུང་མ་སྟོང་མཚོན་གྱིས་བྱུགས།།
མདང་དགུང་འཕྲད་པའི་མལ་ཁང་དེ་ཉིད་སྔར་ལས་ལྷག་པར་སྤྲོ་བས་བརྟས།།
བཅུ་གཉིས་ལང་ཚོའི་མེ་ཏོག་བཞད་པའི་ལུས་ཕྲའི་སྒེག་ཉམས་གཟེངས་སུ་ཐོན།།
སྒེག་མོའི་འཛུམ་ཆུང་གར་ལ་འགྱུ་བའི་རི་དྭགས་མིག་གིས་མདངས་ཤིག་བསྟན།།
སོ་ཕྲེང་ཁ་བའི་དཔལ་ལ་འགྲན་ཏེ་དྲི་མེད་གངས་རིའི་རང་མདངས་ཡིན།།
ལྷག་བསམ་འོ་མའི་ངད་ལ་འཇུས་ཏེས་བདག་བློ་སྤྲིན་པའི་མལ་དུ་རུམ།།
བརྩེ་དུང་ཟེར་བའི་དགོས་མེད་ལན་ཆགས་མ་སྦྱང་ལྷན་སྐྱེས་ངང་ཤེས་སོང༌།།
མི་འདོད་གྱེས་ཁའི་ན་ཟུག་ལྕི་མོ་དབང་མེད་ལུས་ཀྱིས་མྱོང་དགོས་བྱུང༌།།
མཚན་མོའི་སྨག་རུམ་ཕར་ལ་བསྐྱལ་ཏེ་ཟོལ་མེད་མཆི་མས་སྐྱེལ་མ་མཛད།།
ང་རང་འགྲོ་རྒྱུ་འགྲོ་རྒྱུ་ཟེར་བཞིན་ཡང་ཡང་འཇུས་ནས་འོ་ཞིག་བྱས།།
བདག་སེམས་དྲི་གཞོན་རླུང་དང་འགྲོག་ནས་ཕྱོགས་མེད་མཁའ་མཐའ་ལན་གཅིག་རྒྱུག།
ཅང་མེད་ཨ་མྱུག་བུ་ལོའི་མིག་མཐའ་སྤྲིན་བཅུད་ཟེགས་མ་བར་མེད་འཐོར།།
བསླད་མེད་བརྩེ་དུང་ངོ་མ་མིན་ན་བཙན་གྱིས་བཀུག་ཀྱང་ཚོར་མེད་རེད།།
ཁྲེལ་གཞུང་ཕྱི་ཐག་འགྱུར་མེད་ལ་ནི་ཇོ་མོ་གླང་མའི་རྔམས་བརྗིད་ཡིན།།
དྲན་སྣང༌།
དཔྱིད་ཀྱི་ཕོ་ཉས་མགྲིན་སྙན་དྭངས་མོ་ནོར་འཛིན་བུ་མོའི་པང་དུ་འཕོས།།
ཚང་ཚང་ནགས་ཀྱི་ཚལ་ན་འཚོ་བའི་ཨ་ཅེ་འཇོལ་མོས་དགའ་བསུ་ཞུ།།
མངོན་སུམ་མེ་ཏོག་དུས་སུ་སླེབས་པས་སྣ་ལྔའི་མེ་ཏོག་ཁྲ་ཆེམ་བཞད།།
ཁ་བ་བུ་ཡུག་རྡུལ་མང་བརྩེགས་པའི་ཀེ་ལ་ཤ་ཡི་ཞིང་ཁམས་མཛེས།།
ཀུན་གསལ་བུ་མོའི་མཁའ་དབྱིངས་ངོས་སུ་བཅུ་གཉིས་བདག་པོའི་ལང་ཚོ་སྨིན།།
དབྱིག་གི་བློ་གྲོས་མ་མའི་སྟེང་ན་ཆུ་སྐྱེས་པདྨའི་འདབ་ཕྲེང་སྨིན།།
ཡིད་འོང་རབ་ཏུ་མཛེས་པའི་དབྱར་གསུམ་དུས་བཟང་དགའ་སྟོན་ཨེ་མ་མཚར།།
གང་ཟག་སྟོང་གི་དགའ་བའི་འབོད་ཅིང་འཛུམ་ཞལ་ཟེར་བརྒྱ་ཡངས་པོར་ཕྱེས།།
འབྲས་ལྡན་མེ་ཏོག་ཁྲ་ཆམ་བཞད་པའི་གེ་སར་པདྨའི་ཞིང་མཆོག་ན།།
གསེར་བྱུགས་ཚོན་གྱི་མདངས་ལ་ཞེན་པའི་རྭ་ཡིག་ཟུང་གི་སྒོ་མོ་དབྱེ།།
གེ་སར་བདུད་རྩིའི་མཆོད་ཡོན་གསོལ་བས་རྐང་དྲུག་གཞོན་ནུས་ཟློས་གར་འཁྲབ།།
ཆར་ལྡན་ལང་ཚོའི་དཔལ་ཡོན་བསུས་པས་རང་སེམས་སྐྱ་བོ་མཚོན་གྱིས་བྱུགས།།
དག་བྱེད་ཆུ་བོའི་ཤག་སྒྲ་སྙན་མོའི་སྤྲོ་དགའི་དགའ་འབོད་ངང་གིས་སྒྲོག །
རྫ་ཆུ་བསིལ་མ་ཧུབ་ཀྱིས་བཏུང་བས་ཚ་བས་གདུང་བའི་སྐོམ་པ་སེལ།།
གྲོགས་ཁྱོད་དྲན་པས་འཛུམ་གྱིས་མ་བྱུགས་དྲན་གདུང་ན་ཟུག་འབྱིན་ན་ཡང༌།།
དབྱར་གྱི་ལང་ཚོའི་བཅུ་དྲུག་སྨིན་པས་རེ་ཞིག་ཙམ་ལ་བདེ་བར་སྣང༌།།