logo

གློག་བརྙན་འགའི་བཤད་པ་ཕྲན་བུ།

རྩོམ་པ་པོ།:ལྷ་རྒྱལ་དཔལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-22 ཀློག་གྲངས།:


དངོས་མིང་།  ལྷ་རྒྱལ་དཔལ།
པིར་མིང་། གླག
འཛིན་གྲྭ  2008ལོའི་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭ་དང་པོ།
ཕ་ཡུལ།  མཚོ་ལྷོ་རྩི་གོར་ཐང་།

གློག་བརྙན་འགའི་བཤད་པ་ཕྲན་བུ།

        ཉིད་ཀྱིས《2012》 ཞེས་པའི་གློག་བརྙན་དེར་བལྟའ་ཨེ་མྱོང་། དེང་གི་སྐབས་སུ་གློག་བརྙན་ནི་ཤེས་བྱ་མང་པོའི་ཡོང་ཁུངས་གཙོ་བོ་ཞིག་དང་ཚད་ངེས་ཅན་ཞིག་ནས་དཔེ་ཆ་ཡི་ཚབ་བྱས་འདུག་ན། གློག་བརྙན་ལ་བལྟའ་བར་མི་སྤྲོ་བའི་མི་ཞིག་ལ་མཚོན་ན། དེ་ལའང་དེ་བཞིན་གྱི་ཁ་སྐོང་ཞིག་ཡོད་པ་ཤ་སྟག་ཡིན། ང་ཡིས་བྱིས་དུས་སུ་བལྟས་མྱོང་བའི་གློག་བརྙན་དག་ནི་རྒྱ་ནག་གི་གློག་བརྙན་དག་ཡིན་ཏེ། དུས་རབས་ཉེར་གཅིག་པ་ཚེས་མ་ཚེས་ཀྱི་གཡས་གཡོན་དག་ཏུ་རྒྱ་ནག་ལའང་གློག་བརྙན་གྱི་ཚ་རླབས་ཤིག་འཕྱུར་ནས་ཤང་ཀང་སོགས་ནས་གློག་བརྙན་མང་དུ་ཐོན་ཡོད། དེ་དག་ཕལ་ཆེར་གྱི་བརྗོད་བྱ་མདོར་དྲིལ་ན་འདི་ལྟར། ཁྱོད་ཀྱིས་ངའི་ཕ་བསད་དེ་ངའི་ཡིད་ལ་ཞེ་མཁོན་གྱི་ས་བོན་བཏབ་པས། ངས་ཀྱང་དེ་མ་ཐག་དགེ་རྒན་ཞིག་སྐྱབས་སུ་བསྟེན་ཏེ། ལོ་ངོ་མང་པོར་དཀའ་སྡུག་ལ་མོས་རྩལ་སྦྱང་ནས་དྲོད་རྟགས་བསྐྱེད་དེ་འབྲས་བུ་དོན་ཙ་ན། ཁྱེད་རང་རྨག་མེད་དུ་བཏང་ནས་དགྲ་ཤ་བླངས་ཚར་བ་དང་མཉམ་དུ་གློག་བརྙན་གང་དེའང་དུམ་སེ་མཇུག་རྫོགས་སོང་བ་རེད། དེ་ལྟ་ན། གློག་བརྙན་གང་དེར་བལྟའ་བའི་གནས་སྐབས་སུ་ཕའམ་མ་ཤོར་སོང་བའི་བུ་དེའི་སྡུག་བསྔལ་དང་རྒྱལ་ཁའི་འཇུག་ལྡོག་ལ་བསྟེན་ཏེ་བལྟ་མཁན་རྣམས་ཀྱི་ཚོར་བའི་ཆགས་སྡང་གི་གོ་རིམ་ཀྱང་མཐོ་དམའ་རུ་ལྷབ་ལྷེབ་ཏུ་སྐྱོམས་སྲིད་མོད། གློག་བརྙན་ཚར་བ་དང་མཉམ་དུ་དགའ་སྤྲོ་ཞིག་དང་བཅས་དྲན་འཆར་གྱི་སྒོ་མོ་དག་ནག་ཐིང་ངེར་འབྱུང་བ་རྐྱེན་གྱི་འཇའ་འོད་བཞིན་དེ་མ་ཐག་ཡལ་བར་གྱུར་འགྲོ་བས་བསམ་གཞིག་དང་འཆར་ཡན་གང་ཡང་སྟེར་ཐུབ་པ་མ་རེད།
        རྗེས་སུ་འཛམ་གླིང་སྔོན་ཐོན་རྒྱལ་ཁབ་རེ་ཤས་ནས་འཁྲབ་པའི་གློག་བརྙན་སྐོར་ཞིག་ལ་བལྟས་པ་ནས་གློག་བརྙན་ཞེས་པ་ནི་དེ་ཙམ་གྱིས་མི་ལང་པ་གཞི་ནས་གོ་སོང་། དཔེར་ན། 《སྐྱེ་རྒའི་གོ་ལྡོག》ཞེས་པའི་གློག་བརྙན་དེའི་ནང་དུ། མི་ཞིག་སྐྱེས་མ་ཐག་ནས་རྒན་པོ་སྒུར་ལོག་ཅིག་སྟེ། ཁའི་སོ་ཕྲེང་མེད་པས་སྲ་བའི་ཟས་མི་ཆོམས་ཤིང་ཚིག་ལྡབ་ལྡིབ་ཏུ་སྨྲ་བའི་ངག་གི་སྡེབ་མི་ཐོན་ལ།ལུས་ཀྱི་ཤ་ཟད་པས་པགས་པའི་ལྕི་འདུས་ཏེ་ལུས་དང་ཁ་ངོ་ཐམས་ཅད་གཉེར་མས་གང་བ་ཞིག་ཡིན་ལ། ལོ་ཟླའི་ཁོར་མོ་ཡར་བརྩེགས་དང་བསྟུན་ནས་ཁོ་རང་ཇེ་གཞོན་ནས་ཇེ་གཞོན། རྗེས་སུ་བྱིས་པ་ཞིག་ཏུ་གྱུར་ནས་འཆི་བ་ལྔ་ལམ་གྱི་གཞན་དབང་དུ་གྱུར་སོང་བ་སྟེ། ན་གཞོན་གྱི་སྐབས་སུ་འཕྲད་པའི་ཁོང་གི་དགའ་རོགས་དེ་རིམ་བཞིན་རྒས་ནས་ཁོང་རང་བྱིས་པར་ཆགས་ཡོད་པའི་གནས་སྐབས་དེར་དགའ་རོགས་ཀྱི་ཤ་རྣམས་བྲི་བས་རུས་པའི་ལྷུ་ཚིགས་ཐམས་ཅད་མངོན་ཏེ་འགྲམ་རུས་དང་ལྷུ་མགོ་ཐམས་ཅད་ཕྱི་ལ་འབུར། ཡིད་ཀྱི་དྲན་པ་རིམ་གྱིས་ཉམ་པས་འོན་ལོང་དུ་གྱུར་ནས་ཐོམ་ཡོ་རེར་སྐྲ་ཉག་དག་ཀྱང་དཀར་བོར་གྱུར་ནས་སྡོད།
        དེ་ལྟ་ན། མི་ཚེ་ནི་ཐ་གུ་སྣེ་གཉིས་མ་ཞིག་ཡིན་པའི་དབང་དུ་བཏང་ན། གློག་བརྙན་དེས་ང་ཚོར་རྒྱུན་འབྱམས་སུ་ཡོད་པའི་སྣེ་མོ་དེ་ཡལ་བོར་བཏང་ནས་སྣེ་གཞན་གཅིག་པོ་དེ་ལ་འཇུས་ཏེ། དེ་ནས་མི་ཚེ་ཡི་མགོ་བརྩམས་ཏེ་སྐྱེ་བ་ནས་རྒ་བའི་ཆོས་ཉིད་དེ་གོ་ལོག་ལུགས་ལྡོག་བྱས་འདུག་པས་ཚད་ངེས་ཅན་ཞིག་ནས་ང་ཅག་གི་སྒྲོམ་དུ་གྱུར་ཡོད་པའི་འདུ་ཤེས་མང་པོ་ཞིག་གས་ཆག་ཧྲིག་ཆག་ཏུ་བཏང་ཚར་འདུག་ལ། སྐྱ་ཐིགས་གཅིག་གི་སྟེང་དུ་གཏན་ཁེལ་བྱས་ཡོད་པའི་ང་ཚོའི་བློ་རྣམས་ཤིག་ཤིག་ཏུ་གཡོས་ཡོད། བཟའ་ཟླ་གཉིས་པོའི་གོ་ལོག་ཏུ་ལྡོག་པའི་ཕུངས་ཁམས་ཀྱི་འགྱུར་བ་རེ་རེས་འཆར་ཡན་དང་ཡ་མཚར། སྐྱོ་སྣང་ཤ་ཤུབ་རེའང་དང་བོ་མིག་དང་མིག་ནས་སྙིང་ལ་སྦྱིན་འོང་བ་ཞིག་རེད་འདུག་ལ།གཞན《དོམ་ཁྲ་དྲག་རྩལ་པ》ཞེས་པའི་འགུལ་རིས་གློག་བརྙན་དེའི་ནང་དུ་བྱ་གག་ཞིག་གི་བུ་རུ་དོམ་ཁྲ་ཞིག་སྐྱེས་པ་དེ་འང་དེ་དེ་བཞིན་དུ་རེད་དོ།།
        《2012》ཞེས་པའི་གློག་བརྙན་དེ2009ལོའི་ཟླ11པའི་ཚེས13ལ་ཀྲུང་གོའི་སྐམ་ས་ཆེན་པོ་ནས་ཀུན་གྱི་མིག་མདུན་དུ་བཤམས་པ་དང་བལྟ་མཁན་མང་པོ་ལ་ཡོ་སྐྱོམས་ཡ་ཡོ་རེ་ཐེབས་འདུག་ལ།སྙིང་རླུང་ལངས་སླ་བ་འགའ་རེས་དེ་ནི་མ་ཡཱའི་རིག་གནས་དང་དམ་པའི་གསུང་རབ་ཀྱི་ལུང་བསྟན་དང་མཐུན་རབས་བསྒྲགས་ནས་ལྡོག་ཕྱོགས་ཀྱི་ནུས་པ་འབའ་ཞིག་ཀྱང་གང་སར་ཡན་འདུག་པ་རེད།གང་ལྟར་གློག་བརྙན་དེས།ནམ་ཞིག་མི་རེ་རེ་བཞིན་ཆུ་ལ་གཟར་བའི་ལྦུ་བ་བཞིན།ཕུ་ཤུགསཤིག་གིས་ཕགས་སེ་གཏོར་འགྲོ་བའམ་ཟག་ནས་རྡུལ་དུ་འགྱུར་བའི་གནས་སྐབས་ཤིག་ཡོད་པ་ཀུན་ལ་བློ་གསལ་ཕུད་ཡོད་ཅིང་ །མིའི་རིགས་ཧྲིལ་བོ་མཉམ་དུ་འཇིག་པའི་ཆག་སྒོ་དེ་ཡི་ཡན་གྱི་ཆགས་སྒོ་ཞིག་འཇོག་ཏུ་མེད་ན། དེ་ནི་ཆག་སྒོ་ཡོངས་ཀྱི་རྩེ་མོ་རེད་འདུག་སྟེ། དེ་ལས་ང་ཚོ་གོ་ལ་ཆུང་ཆུང་འདིའི་སྟེང་དུ་འཚོ་བའི་མི་དག་ལ། གནས་སྐབས་ཀྱི་ཁེ་ཕན་ཉི་ཚེ་བའི་དོན་དུ་ཕན་ཚུན་དམར་གསོད་དང་གཉའ་གནོན། བཤུ་གཞོག་བྱེད་པ་དག་ནི་ཅི་འདྲའི་དོན་སྙིང་གིས་དབུལ་ཅིང་དགེ་མཚན་གྱིས་ཕུངས་པ་འབའ་ཞིག་ཡིན་པར་གསལ་བརྡ་གཏོང་གིན་འདུག་ལ། གཞན་ན་བསྐལ་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་དབར་ནས་ང་ཚོ་ནི་ལྦུ་བ་ཙམ་ལས་ཅི་ཡང་མིན་ན། ཕན་ཚུན་བར་ཏུ་དམའ་འབེབ་དང་བྲན་བསྒྱུར་སོགས་ཀྱང་དགོད་བྲོ་བའི་རིགས་སུ་འདུག་སྟེ། དེ་འདྲའི་གོད་ཆགས་ཆེན་པོའི་མདུན་དུ་ང་ཅག་རེ་རེའི་གནས་སྐབས་ཀྱི་ཐོབ་ཤོར་ཙམ་པའི་གོད་ཆགས་ནི་ཅི་ཡང་མིན་པར། ཚད་ངེས་ཅན་ཞིག་ནས་དེ་ལ་ཟུར་ཟ་བྱས་འདུག་ལ། དེ་ན། དེ་བས་སྤྲོ་སྣང་གིས་ལས་དག་ལ་འཇུག་ནས་རྒྱལ་ཁ་དང་ཕམ་ཁ་རེ་རེ་ལ་ལྟ་སྟངས་གཅིག་པ་རེ་འཛིན་ཐབས་ཀྱིས། ཡང་ན་བཅོས་བའི་བློ་ཡིས་བཏགས་ཙམ་དུ་ཟད་པ་མ་གཏོགས་ཚེ་སྲོག་གི་མདུན་ཐད་དུ་རྒྱལ་ཁ་དང་ཕམ་ཁ་ཟེར་རྒྱུ་ཞིག་གཞི་མི་གྲུབ་ཅིང་སྟོང་ཡན་ཡན་དུ་སྲིད་མོད། གང་ལྟར་བདེ་སྐྱིད་དང་ལྡན་པའི་མི་ཞིག་བྱ་དགོས་པར་རྔ་ཆེན་བང་བང་དུ་རྡུང་གིན་པ་འདྲའོ།།
        གཞན་ན《ཨ་ཧྥན་ཊ》དང《རྒྱལ་བོའི་གཏམ་བཤད》ལ་སོགས་པ་ལྟ་བུ། ཐེངས82དང་83པའི་ཨོ་སི་ཁའི་བྱ་དགའ་མང་དུ་རེག་པ་ཅན་ཀྱང་མང་པོ་ཡོད་མོད། དེ་དག་གི་མྱོང་འཆར་འདྲ་སྨྲ་དགོས་ཚེ་དེ་ཁོ་ན་བརྗོད་བྱ་རུ་མ་བྱས་པར། ཞ་ཞོར་ནས་ཅི་ཡང་ཤོད་མི་ཐུབ་པར། ལྡོག་སྟེ། གློག་བརྙན་དགའ་བོ་མི་དགའ་ས་ཞིག་ཏུ་ཆུམས་འགྲོ་ན། རང་ཉིད་ལ་ཡོ་སྐྱོམས་ཐེབས་མྱོང་བའི་གློག་བརྙན་གཞན་སྐོར་ཞིག་སྟེ། རྒྱ་གར་ནས་འཁྲབ་པའི《སའི་གོ་ལའི་སྟེང་གི་སྐར་མ》ཞེས་པའི་གློག་བརྙན་དེའི་ནང་དུ། བྱིས་པ་ཞིག་ལ་ཁྱིམ་ཚང་དང་སློབ་གྲྭ་ཡི་སློབ་གསོའི་བྱ་ཐབས་དག་ནད་པར་སྨན་མ་འཕྲོད་པ་བཞིན་མ་ཕྲོད་ནས་ཁོ་རང་ལ་ལྷན་སྐྱེས་ནས་ཡོད་པའི་རི་མོ་བྲི་བའི་ནུས་པ་དེ་ཉོབ་ཏུ་བཅུག་ནས་འགེག་པར་བྱས་པ་དང་། བྱིས་པ་དེའི་ནུས་པ་ཉོབ་པ་དང་མཉམ་དུ་སྤྱི་ཚོགས་ཀྱི་བཀུར་བསྟི་དག་ཀྱང་རིམ་གྱིས་མཁའ་མཐའི་འཇའ་ཚོན་བཞིན་སྐད་ཅིག་ལ་ཡལ་ནས་མེད་དུ་ཆས་སོང་། ཁོ་རང་བས་མཐར་རུ་ལྷུང་བས། སྙེམས་པའི་གདེང་ཤོར། འཁྲུལ་སྣང་གི་སུན་པས་གཏུགས།གཞན་གྱི་བྱ་བ་ཐམས་ཅད་མིག་སྔར་མི་འབབ་པར་ནད་ཚིག་ཟོས། རྒྱུད་སྔར་ལས་གྱོང་། མིའི་ཁྱུ་ནས་བུད་དེ་བག་འཁུམ་དང་གླ་ནེ་གླན་ནེ་ཞིག་ཏུ་གྱུར་ནས་མི་གཞི་ལ་གས་ཆག་ཤོར། ཕ་མ་ཟུང་གིས་ཅི་ན་དགའ་འམ་སྙམ་ནས་སྒྲིག་ལམ་དེ་ལས་ཀྱང་དམ་པའི་སློབ་གྲྭ་གཞན་ཞིག་ཏུ་གནས་སྤར་བར་བྱས་པ་དང་གནས་བབ་ལྷག་ཏུ་ཇེ་སྡུག་ལ་གྱུར་ནས་སློབ་གྲྭ་དེས་འདི་ནི་བླུན་པོ་ཁ་ནག་ཤ་སྟག་ཅིག་ཏུ་འདུག་ཟེར་ནས་རྒྱང་ཕུད་དུ་གཏོང་རྩིས་བྱེད་སྐབས་སུ། སློབ་གྲྭ་དེར་གསར་དུ་ཐོན་པའི་འཇོན་ཐང་དང་སད་རྟོགས་ཉིས་འཛོམས་ཡིན་པའི་ན་གཞོན་དགེ་རྒན་ཞིག་གིས་དོན་རྣམས་ཤེས་ནས། བྱིས་པ་དེར་སེམས་ཀྱིས་ཁུར་ནས། ཁོ་རང་དེ་ལྟ་བུ་ཞིག་ཏུ་བསྒྱུར་བའི་སློབ་གསོ་དག་རེ་རེ་བཞིན་བྱིས་པའི་ལུས་སྟེང་ནས་ཤིག་དང་སྲོ་མ་བཞིན་བསལ་ཏེ། བྱིས་པ་དེའི་དགའ་ཕྱོགས་དང་ཁྱད་ཆོས་རྣམས་བསྐྱེད་ཅིང་བསྲིངས་པར་བྱས་པས། བྱིས་པ་དེར་གློ་བུར་དུ་རྔོ་ཐོགས་ནས་རིག་པ་ཇེ་གསལ་དུ་གྱུར་བ་དང་གདེང་ཡོད་པར་གྱུར་ཏེ་ཁོ་ལ་ལྷན་སྐྱེས་ནས་ཡོད་པའི་དགའ་ཕྱོགས་ཏེ། རི་མོ་བྲི་བ་ལ་ཆེས་ཆེར་ཕྱོགས་པས། སློབ་གྲྭ་ཡོངས་ཀྱི་རི་མོའི་འགྲན་བསྡུར་ཆེན་པོ་ཞིག་གི་སྟེང་དུ་ཁོས་བྲིས་པའི་འཆར་ཡན་གྱི་ཀློང་རྡོལ་བའི་རི་མོ་དེ་ཉིད་དགེ་རྒན་ལས་ཀྱང་ཆེས་ཆེར་ཐོལ་བརྒལ་བྱུང་སྟེ་བྱ་དགའ་ཨང་དང་པོ་ཐོབ། དུས་དེ་ནས་དེ་སྔོན་གྱི་བླུན་རྒན་ཟེར་རྒྱུ་ད་ནི་སློབ་གྲྭ་ཡོངས་ན་མཚན་སྙན་ཆེས་ཆེན་པོར་གྱུར་བ་དང་སྐད་དག་སྤྱི་ཚོགས་ཧྲིལ་བོར་ཉི་མ་ལ་བརྟེན་པའི་འོད་བཞིན་ཡན་སོང་། གློག་བརྙན་དེའི་ལྡེབས་རིས་རེ་རེས་མི་སེམས་ལ་ན་ཟུག་དང་ཡོ་འགུལ་སློངས་པ་དང་། གལ་ཏེ་བྱིས་པ་དེ་ནི་ཁོང་ལྟ་བུའི་དགེ་རྒན་ཞིག་ལ་འཕྲད་མེད་ཚེ་ཅི་ལྟ་བུ་ཞིག་ཡིན་ནམ་སེམས་ན། ཅུང་མི་འགོར་བར་སློབ་གྲྭ་དེ་ནས་ཕུད་རྩིས་རེད་ལ། རྗེས་སུ་སྨྱོ་བའམ་རང་སྲོག་གཅོད་པ་སོགས་སྡུག་ཐུག་གི་བགྱི་བ་གང་ཡང་ལྷུར་ལེན་སྲིད་པ་རྒྱུ་འབྲས་ཀྱིས་གྲུབ་ཚར་འདུག་ན། ཤེས་རྨོངས་ཀྱི་སློབ་གསོས་བྱིས་པ་རིག་རྒོད་མང་པོ་ཤི་ལམ་དུ་དེད་དང་འདེད་ཀྱིན་པའི་གནས་བབ་ནི་ཅི་འདྲའི་ནང་སེམས་ལ་བྲེད་ཤ་སློངས་འོང་བ་ཞིག་རེད་ལ། གློག་བརྙན་དེས་ཤེས་རྨོངས་ཀྱི་སློབ་གསོས་བྱིས་པ་མང་པོ་གུམ་གུམ་ཁུད་ཁུད་དང་རྡ་བ་རྡིབ་བེ། འཐམ་མ་འཐོམ་མེ་དང་ཡང་ན་རྒན་ཁ་ཅན་དུ་བསྒྱུར་ནས་བྱིས་བློ་བྱེ་ཐང་ཅན་ཏུ་ཆགས་ཡོད་པའི་གནས་ཚུལ་སོགས་ལ་ཟུར་ཟ་དང་ངུ་ཤུམ། ཀི་རྒྱངས་ཆེས་ཆེར་བྱས་འདུག་པ་རེད།
        《སའི་གོ་ལའི་སྟེང་གི་སྐར་མ》དང་ཆ་འདྲ་བ་ཞིག་ལ་གཞན《བླུན་པོ་གསུམ་གྱིས་པའོ་ལེ་ཝུ་དཀྲིགས་པ》ཞེས་པ་དེ་རེད་ལ།ན་གཞོན་རྒོད་པོ་སྐོར་ཞིག་གིས་ལོ་རྒྱུས་ཀྱི་རྒྱུན་རིང་བའི་སློབ་ཆེན་ཞིག་གི་ནག་ཉེས་དག་དམར་བཤམས་དང་རྒོལ་གཏོར་བྱས་པ་དང་། སྲོལ་རྒྱུན་དུ་གྲུབ་པའི་སློབ་གསོ་རྙིང་བ་དེས་དངོས་ཡོད་ཀྱི་མདུན་དུ་ཐེངས་རེ་རེ་ནས་ཕམ་ཁ་ཉེས་འགྲོ་བ་བརྙན་རིས་གྱི་ལྡེབས་རེ་རེ་ལ་དྲངས་ཏེ་བདེན་པ་རྣམས་དམར་ཧྲེང་ཧྲེང་དུ་ངོ་སྤྲད་ནས་སྐྱི་གཡའ་བའི་ཉེས་མཚང་དག་གཅལ་དུ་བཀྲམ་སྟེ་ཐང་མར་བརྡལ་ཡོད་འདུག
        སླར་གློག་བརྙན་གཞན་ཞིག་སྟེ།《ངའི་མིང་ལ་ཁེ་ཧན་ཟེར》བྱ་བ་དེའི་ནང་དུ། ཨ་མེ་རི་ཀར9.11དོན་རྐྱེན་བྱུང་བ་དང་པུན་ལ་ཏེན་སོགས་ལ་རྐྱེན་བྱས་ཏེ་སྲིད་གཞུང་གང་དེ་དབྱི་སི་ལན་པ་ཡིན་ཡིན་ཐམས་ཅད་ཀྱི་སྟེང་ལ་གཏིང་ནས་ཚིག་པ་ཟོས་ནས། ཉེས་པ་ཅི་ཡང་མེད་པའི་དབྱི་སི་ལན་པ་རྣམས་ལ་རྡུང་རྡེག་དང་མནར་གཅོད་བཏང་པ་དང་། འདུ་ཤེས་དེས་རྐྱེན་བྱས་ཏེ། དམངས་མི་བྱིངས་དབྱི་སི་ལན་པ་དག་གི་སྟེང་དུ་ཞེ་འཁོན་སྐྱེས་ནས་དགྲར་ལངས། ལོ་ན8ཙམ་གྱི་ཁེ་ཧན་གྱི་བུ་ཆུང་ཡང་ལྔ་ལམ་དུ་བརྫང་སོང་བས། ཁུ་ཧན་གྱིས་ཆུང་མའི་བཤད་པ་བཞིན་དུ། རྒྱལ་ཁབ་ཀྱི་སྲིད་འཛིན(རྒྱལ་བོ)འཚོལ་དུ་སོང་བ་དང་། གལ་ཏེ་སྲིད་འཛིན་དང་འཕྲད་མ་ཐུབ་ན་ཚེ་འདིར་ཕྱིར་ཆུང་མ་དང་ཁ་ངོ་ལྷ་ངོ་མི་འཕྲོད་པའི་དམ་བཅའ་ཆེན་པོ་བོར། ལམ་བར་དུ་གོ་ལོག་དང་དཀའ་ཁག་མང་པོས་དཔུང་རུབ་ཀྱིས་ཉེན་ཁའི་མེ་འོབས་སུ་དེད་ཅིང་། རྗེས་སུ་ཁོང་གི་རྨས་རྣམས་སོས་ཏེ་སྨན་ཁང་ནས་སྒོར་བུད་པའི་ཉིན་དེར་སྲིད་འཛིན་ཨོ་པཱ་མར་ཡང་དངོས་སུ་འཇལ་ཐུབ་བྱུང་སོང་། ཁོས་མི་མང་གི་དཀྱུས་སུ་སྲིད་འཛིན་ཨོ་པཱ་མའི་མདུན་དུ་ཀེ་རེར་འགྲེང་ནས་གདོང་ལ་བལྟས་ཏེ། “ངའི་མིང་ལ་ཁེ་ཧན་ཟེར། ང་རང་འཇིགས་སྐུལ་རིང་ལུགས་པ་མིན་ལ། ངའི་བུ་ཆུང་ཡང་འཇིགས་སྐུལ་རིང་ལུགས་པ་མིན”ཞེས་བཤད་མ་ཐག་ཁོར་ཡུག་ཧྲིལ་བོ་སྲ་གཟུགས་སུ་འགྱུར་བའམ། མི་སྙིང་སྒོར་ཐོན་དུ་འཇུག་ལ་ཁེད་དམ། སྨྲ་མེད་ངག་བཅད་དུ་བཏངས་ནས་མཆི་མ་ཟམ་མ་ཟིམ་མེ་ཞིག་མིག་མཐར་བསིལ་ནས་སྒོར་ཐོན་དུ་འཇུག་པ་ཡིན་ལ། སྤྱིར་ང་ནི་ངུ་སྐྱེན་པ་ཞིག་གཏན་ནས་མིན་མོད། གློག་བརྙན་འདི་དག་གིས་ངའི་མིག་མཐར་འཆི་མ་དྲིལ་དུ་འཇུག་མྱོང་ཡོད་ལ། མིག་མཐར་མཆི་ལ་བསིལ་བའི་ཚོར་བ་དེ་ནི་ཧ་ཅང་ཁེར་རྐྱང་ཁེར་རྐྱང་ཡིན་པའི་ཚོར་བ་ཞིག་རེད་འདུག

 
 
འབྲེལ་ཡོད་འོས་སྦྱོར།