ས་ཆེན་པོའི་ན་ཟུག་གཞན་ཞིག་འབྱིན་ཚུལ།
དངོས་མིང་། ཟླ་འབུམ།
འཛིན་གྲྭ 2010ལོའི་བོད་སྐད་ཡིག་རྩོམ་རིག་དགེ་སྦྱོང་འཛིན་གྲྭ
ཕ་ཡུལ། མཚོ་ལྷོ་ཁྲི་ཀ
ས་ཆེན་པོའི་ན་ཟུག་གཞན་ཞིག་འབྱིན་ཚུལ།
-----ལྗང་བུས་ཕབ་སྐྲུན་བྱས་པའི་བརྙན་ཐུང་མཚོ་སྔོན་པོ་ལས་འཕྲོས་པ།
གང་ནི་ཡབ་ཆེན་སུ་ཞིག་གི་སྙིང་སྟོབས་ཀྱིས་བཞེངས་པའི་རྣམ་རྒྱལ་ཁང་བཟང་ཡིན།
གང་ནི་ཡུམ་ཆེན་སུ་ཞིག་གི་བྱམས་སེམས་ཀྱིས་བཀོད་པའི་འཆི་མེད་སྐྱེད་ཚལ་ཡིན།
ཡང་ན། ཕུ་ནུ་སུ་ཞིག་གི་དཀའ་སྤྱད་ཀྱིས་བསྐྲུན་པའི་རྟ་ཕོའི་རྨིག་སྒྲ་ཡིན།
མིང་སྲིང་སུ་ཞིག་གི་འབོད་དབྱངས་ཀྱིས་རྙེད་པའི་འཚོ་བཅུད་མངར་མོ་ཡིན།
དྲི་བྲལ་སྔོ་བསངས་ཀྱི་མཁའ་དབྱིངས། རྙོག་བྲལ་དྭངས་གཙང་གི་མཚོ་མོ།
བདེན་སྤུངས་དཔའ་ཚུགས་ཀྱི་སྟག་ཤར། གཞུང་དྲང་བརྩེ་ཡོད་ཀྱི་སྨན་ཤར།
ད་དུང་། ས་ཆེན་པོའི་ཁྲེལ་ཡོད་ཀྱི་གནམ་འདེགས་ཀ་བས།
མི་ཚོགས་དེར་ཅེར་ནས་ཁ་རོག་གེར་ཅི་ཞིག་གླེང་གིན་འདུག་ཨང་།
ང་ཡི་མཚོ་སྔོན་པོ་དང་མཚོ་སྔོན་པོའི་མཚོ་མཐའ།
གནམ་ས་འདྲེས་པའི་བར་མཚམས་ནས་འབུས་པའི།
སོར་གདུབ་ཀྱི་དུངས་ཞེན་དང་། བརྩེ་བའི་མེ་ཏོག
རྒྱལ་སྲས་ཀྱི་སྙིང་གཏམ་གྱི་ཚོགས།
ལྷད་མེད་ཀྱི་བདུད་རྩི་དང་། གདོད་མའི་གླུ་གཞས།
རྟག་བརྟན་གྱི་དམ་ཚིག་སོགས་ཀྱི་གསེང་ན་འདུར་ཞིང་གནས།
ས་ཆེན་པོའི་མགུལ་བར་འཁྱུད་པའི།
དོམ་ཁྱི། རྫི་གླུ། སྐར་ཚོམ……
ནམ་མཁའི་སྔོ་མདོག་གི་ངོ་གདོང་ལེབ་མོ་དེར།
ཉི་ཟླ་ཟུང་གི་ཁ་གཏད་དུ་འགྲེངས་སྟེ།
རང་དབང་དང་འཚོ་གནས་ཞེས་པའི་ཡིག་འབྲུ་བྲིས་ནས་ལོ་མང་འགོར་ཡོད།
ཁ་བ་མོད་པའི་དགུན་ཟླ་རིང་མོ་ཞིག་ཕར་བསྐྱལ་རྗེས།
ལྗིད་ཚད་བརྒལ་བའི་རལ་བ་རྒྱབ་ཏུ་དཔྱངས་པའི་ཨ་མྱེས་དག་གི
གཟི་བརྗིད་དང་མིག་ཆུ་འཁུར་བའི་གནའ་གཏམ་དེ་དག་ལ།
མིག་ཟུང་བཙུམ་མི་ཤེས་པའི་ཚ་བོ་འདི་ཚོས་གཏན་ནས་ཉན་མ་འདོད།
དུས་ཚིགས་ཀྱི་འགྱུར་ལྡོག་ནི་རང་བྱུང་གི་ཆོས་ཉིད་ཡིན་པ་བདེན་དུ་ཆུགས།
ལོ་རྒྱུས་ཀྱི་ཆུ་རྒྱུན་ལོ་ཟླའི་སྲུབས་ཀ་ནས་ཐོལ་གྱིས་བཞུད་པའང་བདེན་དུ་ཆུགས།
འོན་ཏེ། ས་ཆེན་དེས།
གདོང་དམར་ཚང་གི་གྲངས་ཀ་མི་ལོན་པའི་མཆོད་རྐོང་འདི་བསྐྲུན་ལ།
མེ་ལྕེ་དེས་མཆོད་སྡོང་འདིའི་ལང་ཚོ་འོད་དུ་སྤུར།
མཆོད་སྡོང་དེས་ཚེ་འབར་གྱི་མར་ཁུ་འདི་ལམ་ལམ་འཁྱིལ་དུ་བཅུག
རེད་ཡ། འདི་དག་ཅི་ཞིག་ཡིན།
འདི་དག་གི་ཕག་ན་འཇིགས་སུ་རུང་བའི་སྡེར་མོ་ཅན་སུ་ཞིག་སྦས་ཡོད།
དྲང་མོར་ཤོད། མྱུར་དུ་དྲང་མོར་ཤོད།
འདི་ལྟར། ལོ་ཟླའི་གཙང་བོའི་ཀློང་ན།
མཚོ་སྔོན་པོ་དང་མཚོ་སྔོན་པོའི་མཚོ་མཐའ་སྟེ།
ས་ཆེན་གྱིས་མངགས་པའི་རླུང་འཚུབ་དང་བུ་ཡུག་གི་ཕོ་ཉ་དེ་དག་ནི།
ཁོས་གྱེས་བྲལ་གྱི་ཡིག་འབྲུ་ལ་ཤུབ་བུར་ལབ་པའི་ན་ཟུག་གཞན་ཞིག་ཡིན་སྲིད།
2012ལོའི་ཟླ3པའི་ཚེས23ཉིན།