logo

བསོད་ནམས་རྒྱལ་པོའི་རྩོམ་ཡིག་ཁག་ཅིག

རྩོམ་པ་པོ།:བསོད་ནམས་རྒྱལ་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-01 ཀློག་གྲངས།:


རུས་མིང་། བསོད་ནམས་རྒྱལ་པོ།
འཛིན་གྲྭ    མཐོ་གསུམ།
ཕ་ཡུལ།  སྟེང་ཆེན་རྫོང་།

ཁྱུང་པོ་སྟེང་ཆེན།

མ་བཅོས་ལྷུན་གྱིས་གྲུབ་པའི་ས་འཛིན་གྱིས༎
མཐའ་བཞི་བསྐོར་བ་བྱེད་པའི་བར་གཤོང་དུ༎
སྣ་མང་ནོར་གྱིས་བརྒྱན་པའི་གནའ་བོའི་གྲོང༎
ཁྱུང་པོ་སྟེང་ཆེན་ང་ཡི་ཕ་ཡུལ་ཡིན༎

མེས་པོའི་རྣམ་དཔྱོད་མཚོ་ལས་ལེགས་འཁྲུངས་པའི༎
གར་གྱི་སྒྱུ་རྩལ་མིག་གི་དགའ་སྟོན་མཆོག །
རལ་པའི་འཁྲབ་རྩལ་མ་ཉམས་རྒྱུད་འཛིན་མཁན༎
རིག་པའི་འབྱུང་ཁུངས་ཁྱུང་པོ་སྟེང་ཆེན་ཡིན༎

འཚོ་བྱེད་སྨན་གྱི་བཅུད་དུ་གྱུར་པ་དང་༎
ཚོང་རྫས་བྲིན་པའི་གཏེར་དུ་གྱུར་པ་ཡི༎
དབྱར་རྩྭ་དགུན་འབུའི་ཞིང་ས་མཆོག་རབ་ནི༎
ནོར་གྱི་ཞིང་ཁམས་ཁྱུང་པོ་སྟེང་ཆེན་ཡིན༎

བཀྲ་ཤིས་ཕ་ཡུལ་མངའ་ཐང་རྒྱས་པར་ཤོག །
བཀྲ་ཤིས་ཡུལ་མི་བསོད་ནམས་འཕེལ་བར་ཤོག །
བཀྲ་ཤིས་སྣོད་བཅུད་བཀྲ་ལ་ཤིས་པར་ཤོག །
བཀྲ་ཤིས་ལེགས་བྱས་ཆར་དུ་བསྙིལ་བར་ཤོག །

གངས་ལྗོངས—ང་ཡི་ཕ་ཡུལ།

        དེ་ཡང་འཛམ་གླིང་ཡང་རྩེར་གནས་པའི་རང་རེའི་ཡུལ་འདི་ལ་མི་རབས་ནས་མི་རབས་བར་དུ་འོད་སྟོང་ལྡན་པའི་ལོ་རྒྱུས་ཡོད་པ་དང། ང་ཚོའི་མེས་པོ་རྣམས་ཀྱིས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་སྙིང་སྟོབས་ཀྱིས་ང་ཚོ་ཕྱི་རབས་པ་རྣམས་ཀྱི་འཚོ་བའི་རྩ་་བ་བསྐྲུན་ཡོད།  ལྟོས་དང། འཆི་མེད་ཚལ་ལ་འགྲན་ནུས་པའི་གངས་ཀྱི་ར་བ་འདི་ནི་ང་ཡི་ཕ་ཡུལ་ཡིན།
        ཡུལ་འདི་རུ།  དགུན་གྲང་ངར་གྱིས་བརྩིགས་པའི་ཁ་བའི་རི་བོ་ཤེལ་གྱི་མཆོད་རྟེན་ལྟར་དུ་གནས་པ་དང། ཁ་བའི་རི་བོ་རྣམས་ཀྱིས་ཕྱིང་ཞྭ་ལྟར་དུ་མནབས་པའི་ཁ་བའི་འདབ་མ་རྣམས་དབྱར་ཉི་རྩེ་དྲོ་པོས་བཞུས་ཏེ་དལ་འབབ་ཡན་ལག་བརྒྱད་ལྡན་གྱི་ཆུ་བོར་གྱུར་ནས་སྐྱེ་བོ་ཀུན་ལ་དྭངས་ཤིང་བསིལ་བའི་བཏུང་བྱ་སྦྱིན། དཔྱིད་དུས་སུ་ས་གཞིར་དྲོད་གཤེར་འཛོམས་ནས་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ་ཞིང་དྲི་ཞིམ་གང་སར་འཐུལ་། ཞིང་པ་རྣམས་ཀྱིས་རང་གི་བློ་གྲོས་ལས་བྱུང་བའི་ཞིང་ལས་ཀྱི་ཡོ་བྱད་དང་དེང་གི་ཚན་རིག་རྩལ་ལས་ཐོན་པའི་འཕྲུལ་འཁོར་ལ་ཁ་ལོ་སྒྱུར་བཞིན། སེམས་ཤུགས་ཡོད་རྒུ་དང་དགའ་དགའ་སྤྲོ་སྤྲོའི་ངང་ནས་གངས་ལྗོངས་དང་མེས་རྒྱལ་གྱི་རྒྱལ་ཁམས་ཡངས་པོ་སྔོ་ལྗང་ཅན་དུ་བསྐྲུན་པར་བྲེལ་བཞིན་འདུག
        རི་ཀླུང་ཀུན་ཏུ་དབྱར་རྩྭ་དགུན་འབུ་བཅས་པའི་རྩྭ་དང་རྩི་ཤིང་གི་སྨན་རྩྭའི་བསུང་ངད་གང་སར་ཁྱབ་པས་ཀུན་གྱིས་སཱ་ལའི་སྨན་ལྗོངས་ཞེས་འབོད་པ་ཡང་དོན་ལ་གནས་འདུག   ད་དུང་ས་འཛིན་ཕལ་མོ་ཆེ་ནི་རིན་ཆེན་ནོར་གྱི་གཏེར་མཛོད་ཡིན་པ་དང་། དེར་གནས་པའི་མི་དང་སྲོག་ཆགས་རི་དྭགས་ཐམས་ཅད་ནི་བདེ་བར་འདོད་མཁན་ཞིག་ཡིན་པ་སྨོས་མི་དགོས་མོད།
        འོན་ཀྱང།  ཆོས་ལ་དད་པ་ཆེ་ཞིང་བྱམས་དང་སྙིང་རྗེ་ལྡན་པ་ཞིག་ཡིན་པས། བློ་སེམས་དཀར་བ། གཞུང་རྒྱུད་བཟང་བ། ཕྱི་ཐག་རིང་བའི་མི་གཤིས་དྭངས་མས་ཡོངས་སུ་ཕྱུག   ད་དུང་སྤུ་སྡུག་བྱ་དང་འཇོལ་མོའི་གསུང་སྙན་གྱིས་ལྗོངས་རྒྱུ་བའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་དང་འཕྲོག་མུས་སུ་མཆིས། གཞན་ཡང་བག་ཡངས་སུ་རྒྱུ་བའི་རི་དྭགས་དང་གཡུང་དྭགས་རྣམས་ཀྱིས་བག་མེད་རྩྭ་ཆུ་དྭངས་མ་ལོངས་སུ་སྤྱོད་སའི་འཇིག་རྟེན་ཏེ། བདག་གི་ཕ་ཡུལ་གངས་ལྗོངས་ཡིན།
        མེས་རྒྱལ་མ་ལོའི་མངའ་ཁོངས་སུ་བདེ་བར་ཆགས་པའི་བདག་གི་ཕ་ཡུལ་གངས་ཀྱི་ར་བ་རུ་དུས་རབས་གསར་པའི་ཉི་ཟེར་འཛུམ་པས། ཕ་ཡུལ་གངས་ལྗོངས་སུ་འཚོ་བའི་རྣམ་པ་གསར་པ་ཞིག་གིས་ཡོངས་སུ་བརྒྱན་འདུག དེ་དང་ཆབས་ཅིག་ཏུ་གངས་ལྗོངས་ཀྱི་བུ་རྒྱུད་རྣམ་པས་མི་རིགས་དང་མེས་རྒྱལ་གྱི་ལ་རྒྱ་བཟུང་ནས་མ་ཡུམ་གངས་ལྗོངས་སྔར་ལས་མཛེས་སྡུག་ལྡན་་པ་ཞིག་བསྐྲུན་པའི་རེ་བ་སྙིང་ནས་བཅངས་བཞིན་ཡོད།

ཕུགས་བསམ།

        ཆུང་དུས་སུ་ང་རང་ལོ་ན་ཆུང་བའི་དབང་གིས་ངའི་དྲན་འཛིན་གྱི་མཁའ་དབྱིངས་སུ་ཕུགས་བསམ་ཞེས་པའི་སྤྲིན་གྱི་འདབ་མ་ཙམ་ཡང་མེད་ལ་ཕུགས་བསམ་ཞེས་པ་དེ་ཅི་འདྲ་ཞིག་ཡིན་པར་ཆ་མ་འཚལ། འོན་ཀྱང་ང་རང་སློབ་གླིང་འདི་རུ་ཞུགས་པ་ནས་བཟུང། ད་གཟོད་ངའི་ཕུགས་བསམ་ཞེས་པ་ནི་རང་གི་མི་ཚེ་ལ་ཕྱོགས་པ་ཞིག་ཡིན་ཞིང་སློབ་སྦྱོང་གི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པ་གསལ་པོར་ཤེས་བྱུང་།
        འཛམ་གླིང་གོ་ལ་ཟླུམ་པོའི་སྒལ་ཐོག་ཏུ་འཚོ་བའི་སྐྱེ་བོ་རྒན་གཞོན་ཚང་མ་ལ་རང་ཉིད་དང་འཚམ་པའི་ཕུགས་བསམ་རེ་ཡོད་སྲིད་པ་དང་ཕུགས་བསམ་ནི་མི་ཚེའི་ཁ་ཕྱོགས་ཡིན་པས་ཕུགས་བསམ་མེད་ན་མདུན་བསྐྱོད་ཀྱི་གོམ་པ་གང་དུ་སྤོ། དེའི་ཕྱིར། མི་ལ་ལས་ཕུགས་བསམ་ནི་ཚེ་སྲོག་སྐྱོབ་མཁན་གྱི་ལྷ་རྗེ་རུ་འདོད་པ་དང། འགའ་ཤས་ཀྱིས་མ་རིག་མུན་པ་འཇོམས་པའི་དགེ་བའི་བཤེས་གཉེན་དུ་བརྩིས་ཏེ་རེ་བ་ཡང་ཆེས་ཆེར་བཅངས་བཞིན་འདུག རེད་དེ། ཡོད་ཚད་ནི་མི་ཚེའི་ཕུགས་མདུན་མངོན་པར་རེ་བའི་བསམ་པ་ཡིན་པས།  དེའི་ཕྱོགས་སུ་འབད་བརྩོན་བྱེད་མཁན་ནི་ཅི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་།
        དྲིན་ཆེན་ཡབ་ཡུམ་གཉིས་ཀྱིས་དཀའ་སྡུག་གང་ལའང་མི་འཛེམས་པར་ངའི་མ་འོངས་པའི་ཕུགས་བསམ་མངོན་འགྱུར་བྱེད་པའི་ཆེད་དུ་ང་རང་སློབ་གླིང་གི་དགའ་ཚལ་དུ་ཤེས་རིག་གི་ནོར་བུ་བླངས་པར་བརྫངས་བྱུང་། དེ་བཞིན་འདས་ཟིན་པའི་དུས་སྐབས་ནང་ངས་རྐང་དྲུག་བུང་བས་སྦྲང་རྩི་གསོག་པ་ལྟར་གྱིས་རིག་པའི་གནས་ལ་འབད་པ་བརྒྱ་དང་བརྩོན་པ་སྟོང་གིས་གཞོལ་ཞིང་མདུན་བསྐྱོད་ཀྱི་གོམ་འགྲོས་བརྩོན་འགྲུས་རྟ་ཕོའི་བང་ལ་འགྲན་ནས་ཕུགས་བསམ་གྱི་ཕྱོགས་སུ་རྒྱུག་ཀྱང་མྱོང། དེ་ནི་ཕུགས་བསམ་གཉེར་བའི་གངས་ཕྲུག་ཅིག་གི་འགན་འཁྲི་ཞིག་ཀྱང་མ་རེད་དམ།  དེ་བཞིན་ངའི་ཕུགས་བསམ་ནི་མ་འོངས་གངས་ལྗོངས་འཛུགས་བསྐྲུན་བྱེད་མཁན་ཞིག་དང། མི་རིགས་འཕེལ་རྒྱས་འགྲོ་བའི་ལམ་སྣ་ཁྲིད་མཁན་ཞིག་ཏུ་འགྱུར་ཐུབ་རྒྱུ་དེ་ཡིན།
        འདང་ཞིག་རྒྱག་དུས། ངའི་ཕུགས་བསམ་དེ་མངོན་འགྱུར་ཡོང་ཐུབ་ན་ངའི་མི་ཚེའི་རིན་ཐང་བྲིན་མེད་དུ་མི་འགྱུར་ལ་ང་རང་གངས་ཅན་ཁ་བའི་ལྗོངས་སུ་སྐྱེས་པ་ཡང་དོན་ཡོད་འགྱུར་ངེས་རེད། ལྟོས་དང་། འཇིག་རྟེན་ཧྲིལ་པོ་འཕོ་འགྱུར་གྱི་ཀློང་དུ་རྩེན་པའི་དེང་གི་སྐབས་འདིར། གངས་ལྗོངས་ནི་ད་དུང་རྗེས་ལུས་དང་རྨོངས་དད་ཀྱི་གཉིད་ལས་སད་མི་འདུག གནས་བབ་དེའི་འོག་ཏུ་ང་ཚོ་གངས་རིའི་བུ་རྒྱུད་རྣམས་ཀྱིས་རང་རང་གི་ཕུགས་བསམ་མངོན་འགྱུར་བྱེད་པར་མི་བརྩོན་ན་གངས་ལྗོངས་ལ་རེ་བ་ཡོད་དམ།
        ང་ཚོར་ཕུགས་བསམ་ཡོད་མེད་དང་བརྩོན་པ་བྱེད་མིན་ནི་ཐད་ཀར་གངས་ལྗོངས་ཀྱི་མ་འོངས་ལ་འབྲེལ་བ་དམ་པོ་ཡོད་པས། ང་ཚོས་ད་ནས་བཟུང་སྟེ་མི་རིགས་དང་མེས་རྒྱལ།  དེ་བཞིན་རང་གི་ལ་རྒྱ་བཟུང་ནས་ཕ་ཡུལ་གངས་ལྗོངས་ཀྱི་མུན་པ་སེལ་བར་ཀླད་རྙིང་མཁྲེགས་འཛིན་གྱི་བསམ་བློ་དོར་ནས་རང་རང་གི་ཕུགས་བསམ་མངོན་འགྱུར་ཡོང་བར་བརྩོན་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ༎

སེམས་ཁོང་གི་འབོད་སྒྲ།

མི་ཚེ་རིང་པོ་གར་སོང་མི་ཤེས་གཞས་དང་བྲོ་ལ་འཁོར༎
ཚུལ་མིན་བྱ་བ་དམ་འཛིན་བྱས་ནས་རླུང་གི་གྲོགས་ལ་བསྟེན༎
རྒྱུན་དུ་ཇ་ཁང་ཨར་ཁང་འགྲིམ་སྟེ་ཕ་མའི་རྔུལ་ཁྲག་སྤྱོད༎
དོན་སྙིང་མེད་པའི་བྱ་བ་མ་སྒྲུབ་གངས་ཕྲུག་ན་མཉམ་ཚོ༎

ཡ་རབས་སྤྱོད་བཟང་རིང་དུ་དོར་ནས་ཁྲེལ་མེད་ལས་ལ་བརྩོན༎
ཁ་བཤད་ཆུ་ཡི་ལྦུ་བ་ཙམ་ལས་ཉམས་ལེན་ལས་ནི་དབེན༎
མི་ལུས་རིན་ཆེན་གསེར་ལས་དཀོན་ཀྱང་སྣང་མེད་ཆུ་ལ་བསྐུར༎
ང་རྒྱལ་ཕྲག་དོག་ཅིག་གིས་མི་ཚེ་འཕུང་དུ་མ་འཇུག་རོགས༎

མེས་པོའི་སྲོལ་བཟང་དོར་ནས་གཞན་རིག་དང་དུ་བླངས་པ་འདི༎
སྤྲེལ་འུ་ཨ་མཚར་ཆེ་བའི་གཟུགས་དང་གཅིག་ཏུ་མཚུངས་པའི་ཕྱིར༎
སྲོལ་གྱི་ངན་པ་ཞེ་སྡང་སེམས་ཀྱི་དགྲ་རུ་བལྟས་ནས་ནི༎
གངས་ཅན་རིག་པའི་རྩ་བར་གཞན་གྱི་གཡུ་ལོ་བཏགས་ན་མཛེས༎

ཁྲིམས་འགལ་ལས་ལ་འཇུག་པའི་དེང་གི་དཔོན་པོ་འགྱིང་པོ་ཚོ༎
ཤེས་བྱ་རིག་གནས་མེད་ན་ལྟག་སྒོ་ཆེ་ཡང་འཕུང་བའི་རྒྱུ༎
བརྩེ་མེད་ཁྲིམས་ཀྱི་གཉའ་ཤིང་འོག་ཏུ་ཚུད་དུས་འགྱོད་ཀྱང་འཕྱི༎
བསྒྲུབ་པའི་བྱ་བ་དྲང་ན་ཀུན་གྱིས་གོང་དུ་བཀུར་བར་ངེས༎

ན་བཟའ་སེར་པོ་མནབས་པའི་གྲྭ་བཙུན་མཚན་འཛིན་རྣམ་པ་ཚོ༎
ཕྱི་ཡི་མདངས་འདི་ནང་གི་སེམས་དང་མཐུན་ན་སངས་རྒྱས་ཆོས༎
ཟང་ཟིང་ཀུ་ཅོ་ཆེ་བའི་ཁྲོམ་དང་འདུ་འཛི་ཡོངས་སྤངས་ནས༎
བྱམས་པ་སྙིང་དུ་བཟུང་ནས་འགྲོ་དྲུག་སེམས་སུ་སྒོམ་ན་ཆོས༎

དྲ་ཁང་སློབ་གྲྭར་འཁྲུལ་ནས་དུས་ཚོད་སྟོང་ཟད་གཏོང་མཁན་ཚོ༎
སློབ་གྲྭར་བསྡད་ཀྱང་མཛའ་མཐུན་བར་གྱི་རྩེད་མོ་ཁོ་ན་བསམ༎
དྲ་རྒྱའི་ནང་གི་དྲ་བ་བརྒྱུད་ནས་སྣང་བའི་ཞིང་དུ་འཕུར༎
མ་འོངས་གངས་ལྗོངས་བསམ་བཞིན་བསམ་བཞིན་དུས་དང་བསྟུན་ནས་འགྲོ༎

སློབ་གླིང་ནང་དུ་འཁྲིག་སྦྱོར་སྤྱོད་ལུགས་གཙང་བཅད་བྱས་ན་བཟང་༎
མཐོ་འབྲིང་སྐབས་ཀྱི་དུས་ནི་གསེར་དང་དངུལ་གྱིས་ཉོ་མི་ཐུབ༎
མི་ཚེ་འཕྲོ་བརླག་གཏོང་བའི་གཏེ་པོ་ཆོ་མེད་ལས་ཀ་ཡིན༎
བཤེས་གཉེན་ལམ་སྟོན་འོག་ནས་རིག་པའི་གནས་ལ་རིས་མེད་སྦྱོངས༎

རུས་རྒྱུད་གཅིག་ལས་མཆེད་པའི་གདོང་དམར་བོད་ཀྱི་སྤུན་ཟླ་ཚོ༎
རིགས་ཀྱི་ཁུ་ཁྲག་མ་དོར་ལ་རྒྱའི་མགོ་འཕང་དགུང་ལ་བཏེགས༎
དབྱར་གྱི་མཚོ་མོ་རྒྱས་བཞིན་གཞན་གྱི་འཚོ་བའི་འཕེལ་རྒྱས་དང་༎
རང་གི་གོམ་འགྲོས་ཤུགས་ཀྱིས་བསྟུན་ནས་བོད་ཀྱི་དོན་ཞིག་སྒྲུབས༎

ཤེས་རབ་ཡོན་ཏན་ཉམས་པའི་གཞི་མ་གཏི་མུག་བསམ་པའི་གླུད༎
སྣང་བ་དགུང་ལས་མཐོ་བའི་དུས་རབས་གསར་པའི་སྨན་ཆུང་ཚོ༎
ཚོན་རྩི་དཀར་དམར་གདོང་ལ་མ་བྱུག་རིག་པའི་གནས་ལ་བརྩོན༎
ཡོན་ཏན་མེད་ན་མོ་སྒོ་སྐྱེ་འབྲས་མཛེས་ཀྱང་སྙིང་པོ་ཅི༎

སྤོབས་པ་རི་ལས་མཐོ་བའི་དུས་རབས་གསར་པའི་སྟག་ཤར་ཚོ༎
ཕ་མའི་བཀའ་དྲིན་ཕར་ཞོག་དྲིན་ལན་ལོག་འཇལ་མ་བྱེད་རོགས༎
ཆུང་ནས་ད་ལྟའི་བར་དུ་ཕ་མས་དྲིན་གྱིས་བསྐྱངས་པའི་ཕྱིར༎
དྲིན་ཆེན་ཕ་མ་གཉིས་ལ་དྲིན་ལན་འཇལ་རྒྱུ་མ་བརྗེད་རོགས༎

ལམ་སྟོན་སྒྲོན་མེ་འདེགས་མཁན་དགེ་བའི་བཤེས་གཉེན་ཚོགས་རྣམས་ཀྱིས༎
ཟས་ཆག་གཉིད་བརྗེད་ལས་འདི་འུ་ཚོ་སློབ་བུ་ཀུན་གྱི་ཆེད༎
བརྩོན་འགྲུས་རྟ་ཕོ་བཞོན་ནས་བདེན་དོན་རིག་པའི་ཐང་དུ་རྒྱུག༎
སློབ་བུའི་མ་འོངས་བདེ་སྐྱིད་སྦྱིན་མཁན་དགེ་རྒན་རྣམས་ལགས་སོ༎

 
 
འབྲེལ་ཡོད་འོས་སྦྱོར།