བཀྲ་ཤིས་རྒྱ་མཚོའི་རྩོམ་ཡིག་ཁག་ཅིག
རུས་མིང་། བཀྲ་ཤིས་རྒྱ་མཚོ།
འཛིན་གྲྭ། མཐོ་གཉིས།
ཕ་ཡུལ། སྨར་ཁམས་རྫོང་།
རིགས་གཅིག་སྤུན་ཟླ་ལ་བགྲོ་བའི་ཀ་བཤད་སེམས་ཀྱི་རང་གཏམ།
ཀྭ་ཡེ་གསོན་དང་གདོང་དམར་རིགས་མཐུན་སྤུན་ཟླ་ལགས༎
ཁ་གཡེང་མེད་པར་བཅུ་ཕྲག་རིག་གཞུང་འདི་ལ་འབད༎
ག་དུས་ཡིན་ཀྱང་རང་རེའི་ལ་རྒྱ་སེམས་སུ་འཛིན༎
ང་ནི་རིག་པ་དམན་ཀྱང་སྐུལ་མ་བྱེད་པར་དགའ༎
ཅ་ཅོ་གཏམ་དེས་གང་དྲན་མ་བྱེད་ཕ་གཅིག་སྤུན༎
ཆ་ལུགས་བྱེད་ལུགས་བོད་ཀྱི་ལུགས་དང་མཐུན་པར་བྱོས༎
ཇ་ཁང་སོགས་ལ་མ་འགྲིམ་ཤེས་རིག་ལམ་དུ་ཞུགས༎
ཉ་མོ་ཆུ་རུ་འཇུག་བཞིན་རིག་པ་བརྩོན་པས་སློབ༎
ཏ་ཐ་ག་ཏའི་རིག་གཞུང་ལ་སོགས་བོད་ཀྱི་ཡིག །
ཐ་ཤལ་ལམ་ལ་མ་ཞུགས་འདི་ལ་འབུངས་པར་ཞུ༎
ད་ལྟ་གཞོན་དུས་འབད་འབད་འབུངས་འབུངས་མ་བྱེད་ན༎
ན་སོ་རྒས་དུས་འགྱོད་ཀྱང་འཕྱིས་བའི་ངེས་དོན་དྲོངས༎
པ་ཕ་བཞིན་གྱི་གངས་དཀར་རི་བོའི་བརྩེ་སེམས་དང་༎
ཕ་མེས་བཞག་པའི་བསྒྲུན་མེད་གངས་ཅན་རིག་གནས་འདི༎
བ་སྐྱག་བཞིན་དུ་མ་བོར་མིག་བཞིན་སྲུང་ཙ་ན༎
མ་མ་གངས་ཅན་ཕང་བར་སྐྱིད་པའི་དཔལ་གྱིས་འགེངས༎
ཙ་རེ་ཙོ་རེར་དམིགས་ནས་ཕ་མེས་གནང་བའི་མགོ །
ཚ་གྲང་ལས་ལ་སྐྲག་ནས་རང་གིས་དུད་བྱས་ན༎
ཛ་དྲག་ཆེ་བའི་མི་རིགས་འཕེལ་བའི་ལས་དོན་འདི༎
ཝ་མོས་ཁ་ཏའི་ཤ་ལ་སྒུག་བཞིན་ལུས་ཡོང་ངོ༎
ཞ་གོས་གང་ལེགས་མ་འགྲན་དེང་གི་ན་གཞོན་རྣམས༎
ཟ་འཐུང་སྤྱོད་གསུམ་ཀུན་ཏུ་ཀུན་སྤྱོད་གཙང་མར་བྱོས༎
འུ་ཅག་མི་རིགས་འདི་ནི་ཡ་རབས་རིགས་ཀྱི་རྒྱུད༎
ཡ་ཡོར་དབེན་པའི་སྲོལ་འདི་མཐུད་དུ་འཛིན་ན་སྙམ༎
ར་མ་ལུག་སྐད་མ་བཤད་བརྩེ་བའི་སྤུན་ཟླ་ལགས༎
ལ་རྒྱ་སྙིང་བཞིན་སྲུང་ནས་རིག་གནས་ཀུན་ལ་སྦྱོངས༎
ཤ་མདོག་སྨུག་པོ་ཡིན་པའི་བོད་ཀྱི་མི་རིགས་འདི༎
ས་གསུམ་འགྲོ་བ་ཀུན་གྱིས་བསྟོད་པའི་གནས་སུ་བསྐྲུན༎
ཧ་ཧ་བདག་གི་སྙིང་གཏམ་སྙིང་གི་དུམ་པོ་འདི༎
ཨ་མ་གཅིག་པའི་སྤུན་ལ་ཨེ་ཕན་བགྲོ་བ་ཡིན༎
ཧ་ཅང་གཏིང་མཐའ་བྲལ་བའི་རང་རེའི་རིག་གཞུང་ལ༎
ཨ་མའི་བུ་རྣམས་འཐུས་ཤོར་མེད་པར་བརྩོན་པར་ཞུ༎
གངས་རིའི་སྤུན་ཟླ།
ལས་ཀྱི་བསོད་ནམས་ཡིན་ནམ།
ཚེ་འདིའི་ཐོབ་སྐལ་ཡིན།
གང་ལྟར། ངས་གངས་ཕྲུག་གི་མི་ལུས་རྙེད་སོང་།
འབྲི་མོའི་འོ་མ་བཏུངས་ཤིང་།
ནས་དཀར་གྱི་རྩམ་པ་ཟ་བཞིན།
གངས་ལྗོངས་སུ་འཚར་ལོངས་བྱུང་སོང་།
རེད་ལགས། ལྷད་མེད་ཀྱི་གངས་ཕྲུག་ང་ལ།
དྭངས་གཙང་གི་ལྷག་བསམ་རྒྱས་ཡོད།
གངས་རིའི་སྤུན་གྲོགས་ཡ། གསོན་དང་།
ངུ་སྐད་ཐོག་མ་གངས་སུ་གྲགས་ཤིང་།
ལྟེ་ཁྲག་ཐོག་མ་གངས་ལྗོངས་ལ་འཕོས།
རེད་དེ། གངས་ཅན་སཱ་ལིའི་སྨན་ལྗོངས་འདི་ནི།
འུ་ཅག་སྤུན་གྲོགས་རྣམས་ཀྱི་ཕ་ས་རེད།
ཀྱེ་ཀྱེ། སྤུན་ཟླ་ལགས།
ང་ཚོ་ནི་མི་རིགས་ཀྱི་རེ་བ་དང་།
མེས་རྒྱལ་གྱི་མེ་ཏོག
གངས་ལྗོངས་ཀྱི་ཕྱི་རབས་ཡིན་པས།
སྐད་ཡིག་ནི་འུ་ཚོའི་ཁྲག་རྒྱུན་ཡིན་པ་དང་།
རང་གི་སྐད་ཡིག་མེད་ན་ང་ཚོ་འཚོ་མི་ཐུབ་ཅིང་།
མདུན་ལམ་ཡང་རྙེད་མི་སྲིད།
དེར་བརྟེན། བཅུ་ཕྲག་རིག་གཞུང་འདི་ལ་འབད་འབད་དང་།
ཕ་སྐད་དྭངས་མར་བརྩོན་བརྩོན་བྱས་ནས།
གངས་ལྗོངས་ཀྱི་མ་འོངས་ལ་བདེ་སྐྱིད་སྦྱིན་དང་།
གངས་ཕྲུག་ལགས།
འདས་སོང་གི་ལོ་རྒྱུས་ལ་ཕྱི་བལྟས་དང་།
མ་འོངས་པའི་ལོ་ཟླ་ལ་མནོ་བསམ་རེ་ཐོངས་ཏེ།
རང་གི་མི་ཚེ་ལ་དོན་སྙིང་ཨེ་འདུག་ལྟོས།
ཁྱོད་ཀྱིས།
དོན་མེད་ཀྱི་ཉི་མ་མ་བསྐྱལ།
ཤེས་རིག་གི་ལམ་དུ་ཞུགས་དང་།
མི་རིགས་ཀྱི་མ་འོངས་པར།
བདེ་སྐྱིད་ཀྱི་འོད་སྣང་བསྩོལ་དང་།
གངས་ཕྲུག་ཡ་གངས་ཕྲུག
ངའི་སེམས་གཏིང་གི་སྤུན་ཟླ་ལགས།
ལྷན་འཛོམས།
——གྲོགས་བློ་བཟང་ཉི་མར་ཕུལ་བ།
ལས་བསོད་ནམས་དབང་ཐང་ཆེ་བའི་ཁྱོད༎
ཁྱོད་ང་དང་འཕྲད་པའི་རྟེན་འབྲེལ་འགྲིག །
འགྲིག་ཡག་ལེ་གཤིས་དཀར་གངས་དང་འདྲ༎
འདྲ་ཆེ་བས་མི་ཀུན་ཁྱོད་དང་མཐུན༎
ཁྱོད་གངས་ཅན་སཱ་ལའི་ལྗོངས་སུ་སྐྱེས༎
སྐྱེས་ཕོ་མོ་ཀུན་ལ་ལྷག་པར་དུངས༎
དུངས་ཆེ་བ་ཕ་སྐད་རིག་པའི་ནོར༎
ནོར་རིན་ཆེན་བཞིན་དུ་ཁྱེད་ཀྱིས་བརྩིས༎
མཐོང་སྣང་ཞིག་ལས།
རྒན་རབས་རྨོངས་དད་གཏམ་ལ་ཚར་རྒྱུ་མེད༎
རྒན་རབས་ཆོས་ལ་མི་དད་རྒྱུ་ལ་ཧམ༎
རྒན་རབས་རྣམས་ཀྱི་ཚུལ་ལུགས་འདི༎
རྒན་པའི་འབེལ་གཏམ་མ་ཡིན་ནོ༎
ན་གཞོན་འུད་ཤོབ་གཏམ་ལ་ཚར་རྒྱུ་མེད༎
ན་གཞོན་ཤེས་རིག་མི་སྦྱང་ཁྲམ་པར་འཇུག །
ན་གཞོན་རྣམས་ཀྱི་ཚུལ་ལུགས་འདི༎
ན་གཞོན་རྣམས་ཀྱི་ངོ་ཚའི་རྒྱུ༎
གྲུབ་མཐའ་ཕན་ཚུན་བླ་གྲྭ་ཚོས༎
དཀར་པོའི་ལས་ལ་མི་གཞོལ་ནས༎
མི་དགོས་འཁོན་འཛིན་བསམ་པ་ཡིས༎
བསྟན་པའི་ལ་རྒྱ་རྩོད་བཞིན་འདུག །
མི་ལུས་རིན་ཆེན་ཐོབ་པ་ལ༎
སྙིང་པོ་མེད་འདི་སྐྱོ་བ་ལགས༎
མཐོ་སྒང་བོད་དུ་སྐྱེས་པ་འདིས༎
བོད་ལ་ཕན་པ་བསྒྲུབ་དགོས་སོ༎