logo

བློ་བཟང་ཆོས་སྐྱིད་ཀྱི་རྩོམ་ཡིག་ཁག་ཅིག

རྩོམ་པ་པོ།:བློ་བཟང་ཆོས་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-01 ཀློག་གྲངས།:


རུས་མིང་། བློ་བཟང་ཆོས་སྐྱིད།
འཛིན་གྲྭ། མཐོ་གསུམ།
ཕ་ཡུལ། བྲག་གཡབ་རྫོང་།

གངས་ཕྲུག

  ཆེས་ཐོག་མའི་ངུ་སྐད་གངས་རིའི་རྩེ་མོ་རུ་འཐོར་བ་དང་ལྟེ་ཁྲག་དྭངས་མ་རྩྭ་ཐང་དུ་འཕོས་པ་ནས་བཟུང་། ང་ཚོ་ནི་གངས་རིའི་བུ་རྒྱུད་དང་གངས་ཅན་བོད་པའི་བདག་པོར་བསྐོས། ཁྱད་འཕགས་ཀྱི་གནས་མཆོག་འདི་ནི་ང་ཚོས་སྐྱོ་བའི་མིག་ཆུ་ཤོར་ས་དང་དགའ་བའི་འཛུམ་མདངས་སྟོན་སའི་གོ་སྐབས་བྱུང་བ་དེ་ནི་སྔོན་བསགས་ལས་ཀྱི་འབྲས་བུ་དང་ཚེ་འདིའི་སྤོབས་པ་ཞིག་ཀྱང་རེད། དེར་བརྟེན། གངས་ཕྲུག་ཚོ། སྡུག་བསྔལ་གྱི་སྨྲེ་སྔགས་མ་འབྱིན། དགའ་སྤྲོའི་གླུ་དབྱངས་ལོངས་དང་། དེ་ནི་ང་ཚོས་གངས་རི་ལ་བཅངས་པའི་རེ་བ་དང་།  བརྩེ་སེམས། ལ་རྒྱ་ཡང་ཡིན། བླུན་རྨོངས་ཀྱི་མུན་པའི་ཁྲོད་དུ་དུས་ཚོད་མ་བསྐྱལ་བར། སློབ་གླིང་གི་དགའ་ཚལ་དུ་ཤེས་ཡོན་གྱི་གཤོག་སྒྲོ་རྒྱས་དགོས།  མ་འོངས་གངས་ལྗོངས་འཕེལ་རྒྱས་གཏོང་རྒྱུ་ནི་ང་ཚོའི་འོས་འགན་ཡིན་པས།  བརྩོན་པའི་ཟུངས་ཁྲག་དྲག་ཏུ་འཕྱུར་ཏེ་ལྷག་བསམ་གྱི་རང་མདངས་རང་རེའི་གཤིས་སུ་གྲུབ་ནས་ཁྲེལ་ཡོད་ཀྱི་གངས་ཕྲུག་ཞིག་བྱེད་རྒྱུའི་ཡིད་ཆེས་དང་སྙིང་སྟོབས། བརྩོན་པ་དང་དམ་བཅའི་རི་མོ་འབྲི་དགོས།

སེམས་གཏིང་གི་བསླབ་བྱ།

  བློ་རྒྱ་ཆུང་ལ་ཤེས་བྱས་དབུལ་བའི་ང་ལྟ་བུ་ཞིག་གིས་མི་གཞན་ལ་བསླབ་བྱ་བྱེད་པ་ནི་དངོས་གནས་དགོད་སློང་བ་ཞིག་རེད། ཡིན་ན་ཡང། དེང་སང་བོད་མི་རིགས་ཁ་ཤས་ཀྱི་བྱ་སྤྱོད་ལ་ངས་སེམས་གཏིང་ནས་ངོ་རྒོལ་དང་དགག་པ་རྒྱག་འདོད་ཡོད་ལ་སེམས་གཏིང་གི་བསླབ་བྱ་ཞིག་ཀྱང་འདི་གར་འབྲི་བར་སོར་རྩེ་འཚབ་སོང་། རང་སྐད་སྣང་ཆུང་དུ་བཞག་ནས་གཞན་སྐད་སྦྱང་བར་དགའ་བའི་གངས་ཅན་ཁ་བའི་ལྗོངས་ཀྱི་ན་གཞོན་ཕོ་མོ་རྣམ་པ། རང་གི་ཕ་སྐད་འདི་ནི་དགོས་མེད་རེད་ཅེས་མ་གསུང་། འོད་སྟོང་འབར་བའི་དུས་ཀྱི་སྐལ་བ་བཟང་པོ་འདིར། རང་རེའི་རིན་ཆེན་ལྟ་བུའི་བོད་ཡིག་འདི་ཉིད་ཉམས་དུ་མ་འཇུག་པར་མུ་མཐུད་དུ་དར་སྤེལ་དང་རྒྱུན་འཛིན་བྱེད་རོགས། དེ་ནི་ང་ཚོ་ཁ་བའི་ལྗོངས་ཀྱི་ལ་རྒྱ་དང་མ་འོངས་བོད་གསར་འཛུགས་སྐྲུན་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་དང་རྨང་གཞི་ཞིག་ཡིན།
  བོད་ཁ་ཅན་གྱི་ཞིང་དུ་འཚོ་བའི་ལ་རྒྱའི་དཔུང་པ་འཁུམ་པའི་ན་གཞོན་རྣམ་པ། རང་གི་སྐད་ཡིག་འདི་ཉིད་ལ་བརྟེན་ནས་བོད་ཀྱི་ཤེས་རིག་དང་དཔལ་འབྱོར་དར་སྤེལ་གཏོང་ན། རང་མི་རིགས་ཀྱི་རིག་གནས་ཡར་ངོའི་ཟླ་བཞིན་གོང་འཕེལ་ཡོང་ཐུབ། འོན་ཀྱང། ད་ལྟའི་བོད་མི་ཁ་ཤས་ཀྱིས་རང་མི་རིགས་ཀྱི་རིག་གནས་ལ་མཐོང་ཆུང་བྱེད་བཞིན་འདུག  ད་དུང་བོད་ཡིག་ལ་སྤྱོད་སྒོ་མེད་ཅེས་བཤད་བཞིན་འདུག ཁོ་མོས་བལྟས་ན་སྐྱེ་བོ་དེ་རིགས་ཀྱིས་བོད་སྐད་ཡིག་གི་ཕན་ནུས་དང་རིན་ཐང་དངོས་དེ་མ་མཐོང་བའི་རྟགས་རེད་པར་འདོད་ལ་མི་རིགས་ཀྱི་ལ་རྒྱ་མེད་པའི་སྦྱོར་བའང་ཡིན་པར་སྙམ།
  བོད་མི་རིགས་ཀྱི་ཤུལ་འཛིན་པ་ཞིག་གིས་བོད་སྐད་ཡིག་མ་སྦྱང་ན་ངོ་ཚ་དགོས་པ་ཞིག་མ་ཡིན་ནམ། གཞན་གྱི་སྐད་ཡིག་སྦྱངས་པའང་མི་འགྲིག་པ་མེད་མོད། འོན་ཀྱང་སྔ་མའི་གཏམ་དེ་ནི་སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད་ཀྱང། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། ཞེས་པའི་ཚིག་ལས་མ་འདས། རང་མི་རིགས་ཀྱི་སྐད་ཡིག་འདི་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཁར། མི་རིགས་གཞན་གྱི་རིག་གནས་སྦྱང་པ་ཡིན་ན་ང་ཚོའི་མི་རིགས་འདི་ཡང་གཞན་ལྟར་ཡར་རྒྱས་འགྲོ་ངེས། དེར་བརྟེན། ཤ་རྩ་སྨུག་པོའི་གངས་རིའི་གདུང་རྒྱུད་པ་ལགས། རང་རེའི་སྐད་ཡིག་འདི་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། དེ་རིང་ནི་སྙིང་གཏམ་བཤད་པའི་ཉིན་མོ་ཡིན་པས། ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱེད་ན་སང་ཉིན་གྱི་གངས་ལྗོངས་ནི་དེ་བས་བརྗིད་ཉམས་ཆེ་བ་དང་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་ངེས།  དེ་ནི་ངའི་སེམས་གཏིང་གི་བསླབ་བྱ་ཡིན་ལ་རེ་བ་ཡང་ཡིན་ནོ། །

 
 
འབྲེལ་ཡོད་འོས་སྦྱོར།