འཇམ་དབྱངས་རྒྱ་མཚོའི་རྩོམ་ཡིག་ཁག་ཅིག
རུས་མིང་། འཇམ་དབྱངས་རྒྱ་མཚོ།
འཛིན་གྲྭ མཐོ་གཉིས།
ཕ་ཡུལ། བྲག་གཡབ་རྫོང་།
སཱ་ལའི་ལྗོངས་ཀྱི་དུས་བཞིའི་རྣམ་པ།
དཔྱིད་ཀ
ཡངས་པའི་ནོར་འཛིན་བུ་མོས་གོས་ལྗང་བཀླུབས༎
གཞན་གསོས་བུ་མོས་དཔྱིད་དཔལ་ཚུར་ལ་བསུས༎
གངས་ཀྱི་ལྗོངས་སུ་གསར་སྐྱེས་ཚེ་སྲོག་རྒྱས༎
གངས་བདག་ཡོངས་ལ་རེ་བའི་ཉམས་མདངས་བདོ༎
དབྱར་ཁ།
ནེའུ་གསིང་ཐང་ལ་སྣ་བརྒྱའི་མེ་ཏོག་བཞད༎
རྐང་དྲུག་བུང་བས་ཟེའུ་འབྲུ་འཐུ་ལ་རྩེན༎
བཅུ་ཕྲག་རིག་གནས་དར་བའི་གནས་མཆོག་འདིར༎
ན་གཞོན་སློབ་བུས་རིག་པ་སྦྱོང་བར་བྲེལ༎
སྟོན་ཀ
གསེར་ལྡན་ལྗོངས་ལ་བཙོ་མ་གསེར་ཞུན་བྱུག༎
འབྲས་ལྡན་ལོ་ཏོག་འབྲས་བུའི་ཁུར་གྱིས་མནར༎
བསོད་ནམས་ཞིང་དུ་མཛངས་པ་མི་བདུན་བྱུང༎
བསོད་ནམས་ཞིང་འདི་རིག་གནས་གསེར་གྱིས་བཀང༎
དགུན་ཁ།
བརྟན་བརླིང་རི་རྒྱལ་ལྷུན་པོས་ཞྭ་དཀར་མནབས༎
ཆུ་ཕྲན་རིང་མོར་རྣམ་དཀར་དར་གྱིས་གཡོགས༎
མཁས་མཛངས་དུ་མའི་སྐུ་ཚེ་གཤེགས་ན་ཡང༎
རྗེས་རབས་རྣམས་ཀྱིས་ཞབས་རྗེས་སྲུང་བར་བརྩོན༎
གངས་ལྗོངས་གཞོན་ནུ་རྣམས་ལ་ཕུལ་བའི་སྙིང་གཏམ།
འཛམ་གླིང་གི་མི་རིགས་གང་འདྲ་ཞིག་ཡིན་ཡང་སྐད་དང་ཡི་གེ་ནི་དེའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། སྐད་ཡིག་གི་ཆག་འཇིག་ནི་ཐད་ཀར་མི་རིགས་དེའི་འཚོ་གནས་དར་རྒྱས་ལ་འབྲེལ་བ་དམ་པོ་ཡོད། དེའི་ཕྱིར། ང་ཚོས་ཆུང་དུས་ནས་རང་གི་སྐད་ཡིག་ལེགས་པར་སྦྱང་སྟེ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་སྐད་ཡིག་དར་སྤེལ་གཏོང་རྒྱུའི་ནུས་སྟོབས་ཤིག་སྐྱེད་སྲིང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ།
འུ་ཚོའི་མི་རིགས་ནི་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ལས་མཆེད་པའི་རིགས་ཀྱི་དྭངས་མ་གདོང་དམར་བོད་པ་ཡིན། སྔ་ནས་ད་ལྟའི་བར་དུ་རང་གི་མི་རིགས་འདི་ལ་འཕེལ་རྒྱས་ཡོང་བ་དང་ལོ་རྒྱུས་རིམ་བྱོན་དུ་རང་གི་ཁྱད་ཆོས་དང་མཐུན་པའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་མི་རིགས་རིག་གནས་དར་སྤེལ་བྱས་ཀྱང་མྱོང་། དེ་བཞིན་དེང་གི་སྤྱི་ཚོགས་སུ་རང་མི་རིགས་ཀྱི་མ་འོངས་པའི་འཚོ་བ་དང་སྐད་ཡིག་གི་འཕེ་རྒྱས་ནི་གཙོ་བོ་ན་ཆུང་སློབ་མ་རྣམས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་མིན་དང་རྒྱུད་འཛིན་བྱེད་མིན་བཅས་ལ་རག་ལས་ཡོད།
དེའི་ཕྱིར་བོད་རིགས་སྤུན་ཟླ་ཡོངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྦྲེལ་བྱས་ནས་གངས་རི་ཨ་མའི་བརྩེ་སེམས་དྲོན་མོ་ཡིད་ལ་བཅངས་ཏེ་ཡབ་མེས་ཀྱི་ཞབས་རྗེས་སྲུང་དགོས་པ་དང་ཕ་སྐད་ཀྱི་སྒྲ་དབྱངས་སྙན་མོ་ངག་ལ་གྱེར་ནས་དེང་གི་འགྲན་རྩོད་རྒོད་པའི་འཚོ་བའི་གཡུལ་ར་རུ། བོད་ཀྱི་སྐད་ཡིག་དང་རིག་གནས་ལ་མི་ཉམས་རྒྱུད་འཛིན་དང་ཉམས་པ་སོར་ཆུད་བྱས་ནས་སྐད་ཡིག་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ནི་བོད་རིགས་སྤུན་ཟླ་ཡོངས་ཀྱི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཀྱང་ཡིན་ངེས་རེད།
སྤུན་ཟླ་ལགས། རང་མི་རིགས་ཀྱི་ཆེས་ཁྱད་དུ་འཕགས་པའི་སྐད་དང་ཡི་གེ་འདི་ཉིད་དར་རྒྱས་དང་ཆ་ཇེ་ཚང་དུ་གཏོང་དགོས་ན། ཐོག་མར་རང་གི་ཕ་སྐད་ལ་སྦྱང་པ་མཐར་ཕྱིན་པ་ཞིག་བྱ་རྒྱུ་ནི་མཁས་པའི་གསུང་དང་མཐུན་པའི་ལྟ་བ་ཞིག་ཡིན་ལ། ཕ་སྐད་ཀྱི་རྨང་གཞི་བརྟན་པོ་གཞི་རྩར་བཟུང་ནས་མི་རིགས་གཞན་གྱི་སྔོན་ཐོན་གྱི་སྐད་ཡིག་དང་ཚན་རིག་ཤེས་བྱའི་ཉིང་བཅུད་དང་དུ་བླངས་ཏེ། མི་རིགས་རང་གི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་རྒྱུ་ནི་གངས་ཕྲུག་ཅིག་གི་ལ་རྒྱ་དང་ངའི་སེམས་ཁོང་གི་སྙིང་གཏམ་ལགས་སོ༎