logo

སྒྲོམ་དུ་ཚུད་པའི་སྙན་ངག

རྩོམ་པ་པོ།:རི་ཕྱོར་སྟོབས་ལྡན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-10 ཀློག་གྲངས།:

多丹加

རུས་མིང་། རི་ཕྱོར་སྟོབས་ལྡན་རྒྱལ།
འཛིན་གྲྭ། མི་ཆོས་སློབ་གླིང་གསར་འགྱུར་རིག་པ་འཛིན་གྲྭ།
ཕ་ཡུལ། མཚོ་ལྷོ་བྲག་དཀར་རྫོང་།


སྲོག་གི་འདུ་འགོད་དཀྲུགས་སའི་ས་ཆེན་གྱི་ངོས་ལ།།
གཟུ་བའི་མིག་གི་ཟུར་མདའ་རྡོག་རྡོག་ཏུ་ཕབ་སྟེ།།
སེམས་པའི་ཕྱི་ནང་སློག་པའི་སྐད་ཆ་ཡི་བཞུར་རྒྱུན།།
མ་ལུས་ཚོར་བའི་ཀློང་ནས་ཤམ་ཤམ་དུ་འཁྲུངས་ན།།


སྤྲིན་པའི་མིག་ཆུ་གཏོར་སའི་ནམ་མཁའ་ཡི་ཁྱོན་དུ།།
གཟུགས་མེད་རྣམ་ཤེས་འཁྱུག་འགྲོས་ཡང་ཡང་དུ་ལྡེམ་སྟེ།།
རུས་པའི་ལྷུ་རྐང་དབར་གྱི་ཚིལ་རྐང་གི་སྙིང་གཏམ།།
སྒལ་ཚིགས་ཞེ་དགུའི་དཀྱིལ་ནས་ལྷོག་ལྷོག་ཏུ་འཕྱུར་ན།།


རླུང་བུའི་ང་རོ་རྩུབ་སའི་གཞིས་ཁྱིམ་གྱི་དཔལ་དུ།།
དཔྱོད་ཤེས་བློ་ཕུག་མ་བཀག་རང་རྐྱལ་དུ་བཏང་སྟེ།།
དུངས་བའི་ཐག་པར་བརྒྱུས་པའི་མཐུན་སྒྲིལ་གྱི་རང་སྒྲ།།
ཆོལ་གསུམ་རྣ་བའི་རྒྱན་དུ་གསལ་གསལ་དུ་མཆེད་ན།།


རེ་བའི་རྨི་ལམ་འཁོར་སའི་བྲང་ཁོག་གི་གསེབ་ཏུ།།
གློ་སྙིང་མཆིན་གསུམ་དབང་རྩ་གྲིག་གྲིག་ཏུ་སྦྲེལ་ཏེ།།
སྣང་བརྙན་གསོན་པོའི་བདེན་གཏམ་ཆད་མེད་དུ་སྒྲིག་ནས།།
སྣང་ཚུལ་དངོས་མའི་བཤམས་སྟོན་རྗེན་རྗེན་དུ་འཁྲབ་ན།།


ཆུ་མོའི་ང་རོ་སྒྲོག་སའི་རྫ་ཁོག་གི་འཕྲང་དུ།།
ལུས་པོའི་སྟངས་སྟབས་དྲག་པའི་ཤུགས་སྒྲ་ལ་བརྒྱུས་ཏེ།།
རང་དབང་ལྟད་མོ་ངོམ་སའི་མི་ཡུལ་གྱི་ཁྲོམ་ནས།།
བྲོ་གར་རྩལ་དགུའི་སྒེག་ཉམས་ལྡེམ་ལྡེམ་དུ་བསྟན་ན།།


རྩི་ཏོག་ཤུགས་གླུ་འཕོ་སའི་རྩྭ་ཐང་གི་གཞི་རུ།།
སྦྲ་གུར་ཆེ་མ་ཆུང་གི་ཐོན་ཐག་རང་སྦྲེལ་ཏེ།།
ཕོ་གཞོན་མོ་གཞོན་སྡེ་ཆེན་རྩེད་ར་རུ་འཛོམས་ནས།།
རི་གླུ་མངར་མོ་ལྷང་ལྷང་བྲག་ཅར་རང་མཆེད་ན།།


རླུང་རྟ་སྡེ་བཞི་སྐྱོམ་སའི་རི་མགོ་ཡི་རྩེ་རུ།།
ངག་གི་ལྷ་རྒྱལ་མ་ཆད་ལྷུག་ལྷུག་ཏུ་བརྗོད་དེ།།
སྨོན་པའི་ཁ་གཡང་བསྐྱི་བསེར་རླུང་བུ་ལྷན་དུ།།
ལམ་གྱི་ཕ་རོལ་རྒྱབ་ཏུ་སྙན་སྙན་དུ་སྒྲོག་ན།།


བཟོད་པའི་བྱང་ཁོག་འཁྲུངས་སའི་ཕུང་བོ་ཡི་སྟེང་ལ།།
ལྷད་མེད་དྲང་བོའི་གཏམ་གྱི་རྒྱན་ཆ་རང་བཏག་ནས།།
མི་ཚེ་གཅིག་གི་དཀའ་སྡུག་ཟུང་འདུས་ཀྱི་ཉིང་ཁུ།།
མ་ལུས་ཆར་བ་བཞིན་དུ་ཤག་ཤག་ཏུ་བབས་ན།།


མིག་གི་གཟུགས་སུ་ཕབ་པ་ཆད་ཡོད་རང་བསྡུས་ཏེ།།
རྣ་བའི་དཔལ་དུ་སྨིན་པ་ལྷག་ཡོད་རང་དོར་ནས།།
མི་ཚེ་རིང་མོ་ཞིག་གི་གཏམ་རྒྱུད་ཀྱི་གོ་རིམ།།
མུ་འབྲེལ་ཟློས་གར་བཞིན་དུ་ཡང་ཡང་དུ་བསྟན་ན།།

 
 
འབྲེལ་ཡོད་འོས་སྦྱོར།