རྟགས་ཙམ་བཟུང་བའི་སློབ་ཆེན་གྱི་རྩོམ་པོ་པོ། བསྟན་འཛིན་དོན་གྲུབ།
རུས་མིང་། བསྟན་འཛིན་དོན་གྲུབ།
སྨྱུག་མིང་། གཉལ་བདུད།
འཛིན་གྲྭ 2009ལོའི་བོད་དགེ་འོས་འཛིན་གྲྭ་གསུམ་པ།
རྟགས་ཙམ་བཟུང་བའི་སློབ་ཆེན་གྱི་རྩོམ་པོ་པོ།
ན་ནུས་འཆི་ནུས་བགྱི་ནུས་པའི་བསམ་པ་གཅིག་ཏུ་བྱུང་བ་རྣམས་བློ་སྟོབས་ཀྱིས་སྲིད་པ་འདེགས་ནུས་པ། ང་རྒྱལ་གྱིས་ཕ་མའང་བརྡེག་ནུས་པ། ཁེ་ཉེན་བལ་འདབ་རྡོ་གནོན་དུ་བརྩི་ཤེས་པ། འགྲོ་མཚམས་ལ་མཁས་པ། ཡིད་མི་ལྷོད་ཅིང་བློ་མི་འགེལ་བ་ཚེར་ཕུང་སྟེང་ཉལ་བ་ལྟར་གཞན་གྱི་བློ་འདྲི་འབྲུ་མཁས་ལ་གང་ཟེར་ལ་མི་གཏོང་བ་མཚང་འབྲུ་་་་་་ཞེས་གཙང་པ་སྡེ་སྲིད་ཀྱིས་གཏན་ལ་ཕབ་པའི་ཞལ་ལྕེ་བཅུ་དྲུག་ལས་དང་པོ་དཔལ་བོ་སྟག་གི་ཞལ་ལྕེ་ཡི་ནང་ཚན་ནམ་དེའི་ཁོངས་སུ་གཏོགས་པའོ། །
དོན་དམ་པའི་དཔའ་བོ་ནི་ཉེ་རིང་གི་ཁེ་ཕན་ཆེད་དུ་རལ་གྲི་ཐོགས་ཤིང་ཀི་སྒྲ་སྒྲོག་ནས་ཕར་ཕྱོགས་ཀྱི་དགྲ་བོ་དུ་མའི་རྣམ་ཤེས་དང་ཕུང་པོ་ཐ་དད་དུ་གཏོང་མཁན་དག་མ་ཡིན་པར། མི་གཤིས་ལ་བདེན་ཁ་བསྩལ་ཅིང་སྤྱི་ཚོགས་ཀྱི་ཡ་ང་བའི་སྣང་ཚུལ་དག་ལ་དགག་རྒྱག་གི་མཆུ་གཏོ་གཏོད་མཁན། ཆེས་ཉམ་ཐག་པའི་ངལ་རྩོལ་མི་དམངས་ཀྱི་སྐྱ་ཟད་རྔོ་རྡུགས་ཀྱི་འཚོ་བའི་དོན་དུ་སྨྱུག་ཁ་ནས་བདེན་ཁ་དང་དགག་རྒྱག་འབྱིན་མཁན་དག་ཡིན་མོད། རལ་གྲི་ཐོགས་པའི་དཔའ་བོ་དང་སྨྱུག་ཐོགས་པའི་དཔའ་བོ་གཉིས་ནི་དངོས་འགལ་མ་ཡིན་པར་འདྲ་བའི་ཆ་དང་ལྡན་པ་ཞིག་ཡིན་པ་རྟོགས་རྒྱུ་དེ་ཡང་གལ་ཆེ་སྟེ། དཔའ་བོའི་མིང་འཛིན་པ་ཅི་འདྲ་ཞིག་ཡིན་ཀྱང་ཆེས་མ་མཐའི་ཆ་རྐྱེན་ནི་རྒྱུ་འབྲས་བློ་མིག་ཅན་ཞིག་དང་དོན་གྱི་ང་རྒྱལ་དང་ལྡན་པ། བློ་སྟོབས་ཀྱི་ཕྱུག་པ། དཔྱོད་ཤེས་དང་ལྡན་པ། འགན་འཁྲིའི་འདུ་ཤེས་དང་ལྡན་པ། རང་ཚུགས་ཅན་ཞིག་ཡིན་དགོས་པ་རེད། ཡིན་ནའང་། གདུག་རྩུབ་སྒེར་གཅོད་སྲིད་དབང་ངམ་ཚོགས་པ། ལམ་ལུགས་ཀྱི་ཁེ་ཕན་ཆེད་དུ་རལ་གྲི་ཐོགས་ནས་དཔའ་སྐད་འཛེར་མཁན་དག་ནི་དོན་དམ་པའི་དཔའ་བོ་མ་ཡིན་གི དེ་དག་ནི་སྒེར་གཅོད་དབང་སྒྱུར་བའི་མངའ་འོག་ནས་སྐྱ་ཟད་རྔོ་རྡུགས་ངང་འཚོ་བཞིན་པའི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་དགྲ་བོ་དང་བདེན་དོན་གྱི་གཉེན་པོ་ཡིན་པ་དང་། རང་ཉིད་ཀྱི་མིང་གྲགས་དང་ཁེ་ཕན་སོར་མོ་ཙམ་ཆེད་དུ་སྨྱུག་རྩེ་ལས་མི་རིགས་དང་རྒྱལ་ཁབ་ཅེས་ཆེན་པོ་ཞིག་གླེང་གིན། མི་རིགས་དང་རྒྱལ་ཁབ་ཀྱི་བླ་འཚོང་བ་དེ་དག་ཀྱང་དོན་དམ་པའི་དཔའ་བོ་མ་ཡིན་ནོ།།
མིག་དབང་དུ་མ་ཁྲ་རིག་རིག་གིས་མདུན་དུ་ཕྱོགས་ཤིང་། ལྕེ་དབང་དུ་མ་དམར་ལམ་ལམ་གྱིས་བདེ་བའི་ཕྱོགས་སུ་སྙེག་བཞིན་པའི་དུས་འདིར། ཡོད་ཚད་ཀྱི་རེ་བ་ཐེག་ཡོད་པའི་སློབ་ཆེན་གྱི་སློབ་བུ་རྩོམ་དགའ་ཅན་གང་མང་གིས་རང་རང་གི་སྨྱུ་རྩེ་ལས་ནང་སེམས་ཀྱི་འཇིག་རྟེན་ལྒིང་གིན་འུར་བྱུང་། དེ་ལོ་རྒྱུས་ཀྱི་ཆུ་གཞུང་དུ་སྐྱུར་ལ་ཉེ་ཞིང་རྣམ་ཤེས་ཀྱི་སྲོག་དབང་ཉམ་བཞིན་པའི་ངེད་ཚོའི་སྤྱི་ཚོགས་ངོས་ནས་བརྗོད་ན།མ་འོངས་པའི་འཚོ་གནས་ཀྱི་སྔོན་འགྲོ་ཞིག་གམ་རེ་བའི་མེ་སོན་ཉག་ཕྲ་བ་ཞིག་དང་ཁོང་ཚོས་རང་ངོས་ནས་དགའ་བ་དང་ཞེན་པ་ལས་རང་ཉིད་ཀྱི་རྣམ་ཤེས་རྒྱུན་བསྐྱངས་འདོད་པ་ཡིན་ལས་ཆེ་མོད། རིག་གནས་དང་སྤྱི་ཚོགས་རྡབ་སིག་སོགས་པའི་སྒེར་གཅོད་འོག་ནས་ལོངས་བཞིན་པའི་སློབ་ཆེན་པའི་རྩོམ་པ་པོ་དེ་དག་གིས་རང་ཉིད་ཀྱི་ནང་སེམས་པའི་འཇིག་རྟེན་མངོན་ཚུལ་ལས་རིང་དུ་འདས་པའི་རྩོམ་ཡིག་འབའ་ཞིག་སྨྱུག་རྩེ་ནས་ཤག་ཤག་ཏུ་འབྲི་བ་ལས། རྒྱུ་འབྲས་བློ་མིག་གི་ངོས་ཐད་ནས་རང་ངོས་ཀྱི་མི་གཞིའི་རྐང་ཚུགས་ས་ལ་ཕྱིར་རྟོག་ཅིག་དང་རང་ཉིད་ཀྱི་མི་གཞིའི་གནས་སྟངས་ལ་བསམ་གཞིག་རྣལ་མ་ཞིག་བྱེད་མི་ཕོད་པ་ནི་ཇི་འདྲའི་ཡིད་ཕམ་དགོས་པ་ཞིག་མ་ཡིན་ནམ། ཉེ་ཆར་རྩོམ་རིག་ཚགས་པར་ཁག་དང་དེ་བཞིན་སྒེར་རྩོམ་གྱི་དཔེ་ཆ་ཆུང་ངུ་། དུས་དེབ་སོགས་སུ་སློབ་ཆེན་པའི་རྩོམ་ཡིག་མང་པོ་ཞིག་རིག་རྒྱུ་འདུག་ལ་རྩོམ་ཡིག་དེ་དག་ལས་མང་ཆེ་བ་ནི་ཉམ་རྒུད་དང་རྩ་མེད་དུ་འགྲོ་བཞིན་མི་རིགས་ཀྱི་ལས་དབང་ལ་བསམ་གཞིག་གི་མདུང་ཁ་གཏད་པ་འབའ་ཡིན་འདུག་པས། རྩོམ་ཡིག་དག་ལས་མིག་ལམ་དུ་རྒྱུ་ཡོང་བ་ནི་དགའ་སྣང་དང་རེ་བ། རྩོམ་པ་པོ་གང་དེའི་སྙིང་སྟོབས་དང་དཔའ་ལ་ཧང་སང་ཧ་ལས་དགོས་པའི་སྣང་བ་ཞིག་ཀྱང་དབང་མེད་དུ་སྤྲད་པར་བྱེད་མོད་དོན་དངོས་འཚོ་བའི་ཁྲོད་ཀྱི་རྩོམ་པ་པོ་གང་དེར་རྒྱུས་ལོན་ཞིག་བྱས་ན། དགའ་སྣང་དང་རེ་བ་དག་བན་བུན་ལ་འགྱུར་འགྲོ་ལ་དེ་དང་སྐད་ཅིག་མར་སེམས་རུམ་ན་ཟུག་ཅིག་མི་སྟེར་ཅི་ལ་སྲིད། ཁོ་བོས་འདི་ནས་དབྱུག་པ་འཕྱར་ནས་སློབ་ཆེན་པའི་རྩོམ་པོ་ཡོད་དོ་ཅོག་ལ་ལེབ་རྡུངས་བྱེད་ཀྱིན་མེད་ལ། སློབ་ཆེན་གྱི་རྩོམ་པ་པོ་ཡོད་དོ་ཅོག་ལ་མིང་ཆེན་པའི་གཟེང་རྟགས་ཤིག་སྤྲད་ནས་གུ་ཡངས་ཀྱང་གཏོང་རྩིས་མེད། བདེན་པ་དང་གནས་ལུགས་ལ་མ་བལྟོས་པའི་སྐད་ཆ་ཚིག་ཁ་ཤས་ལམ་ནས་རང་ཉིད་ཀྱི་བལྟ་ཚུལ་འདྲེན་འདོད།
དགའ་སྣང་དང་སྐྱོ་སྣང་ཟུང་གིས་བསུས་པའི་སློབ་ཆེན་རྒྱལ་སྒོ་འཛུལ་བའི་ཉིན་དེ་ནས་དམ་ཚིག་གཏན་པོ་ཞིག་གིས་མི་རིགས་ཀྱི་ལས་དབང་ཞེས་སེམས་ངོས་སུ་བཅུག་སྟེ། ཡོད་ཚད་དེའི་ཆེད་དུ་འབད་པར་འདོད་པ་ནི་ཅི་འདྲིའི་སྙིང་སྟོབས་ཤིག་རེད་ལ་སྙིང་སྟོབས་དེའི་ཆེད་དུ་སློབ་ཆེན་སློབ་མ་རྩོམ་དགའ་ཅན་དག་གིས་སྨྱུག་གུ་དང་གྲོགས་འགྲིག་གི་འབྲེལ་ཟམ་བཙུགས། དུས་དེ་ནས་བཟུང་སྨྱུ་གུ་ནི་སློབ་མ་དེ་དག་གི་དགའ་གྲོགས་དང་སྐྱོ་གྲོགས་ཉག་ཅིག་ཏུ་གྱུར་སོང་ལ་སྨྱུག་རྩེ་ལས་རང་ཉིད་ཀྱི་ཡིན་ལ་མིན་གྱི་སེམས་གཏམ་སྣ་ཚོགས་སྤེལ་འགོ་ཚུགས་པ་རེད། ཁོང་ཚོར་མཚོན་ན་སྨྱུག་རྩེ་ལས་ཆེས་མིའི་རིགས་ཀྱི་ཞི་བདེ་དང་རང་དབང་། འདྲ་མཉམ་ཞེས་པའི་རླབས་ཆེ་བའི་སྐད་ཆ་དེ་དག་གླེང་མྱོང་ལ། ཆུང་རང་ཉིད་ཀྱི་བདེ་སྡུག་མཚོན་པའི་སེམས་གཞས་སྐྱ་མོ་ཡང་གླེང་མྱོང་བ་རེད། ཁོ་བོར་མཚོན་ན་ཁོང་ཚོས་ཆེ་ཆུང་ཇི་འདྲ་ཞིག་གླེང་ནའང་ཆོག་པའི་སྨྲ་བརྗོད་རང་དབང་གི་དབང་ཆར་བརྩི་བཀུར་བྱ་རྒྱུ་ཡིན་ལ། རིག་གནས་བགྲོ་གླེང་དང་སྐྱིད་སྡུག་བགྲོ་གླེང་གི་སྨྲ་བརྗོད་རང་དབང་ཁོར་ཡུག་ཅིག་ལ་རེ་འདོད་བྱ་གིན་ཡོད།
མདོར་ན་དུས་དེ་ནས་ཁོང་ཚོ་སློབ་ཆེན་གྱི་རྩོམ་པ་པོའི་སྡེ་ཞེས་པའི་ཆེན་པོ་དེའི་ཕྱོགས་སུ་ཁ་བསྒྱུར་འགོ་འཚུགས་པ་རེད། དེ་ལྟར་ཆུང་ནས་ཆེ་དང་གཞན་རྩོམ་དཔེ་རུ་བལྟས་ནས་རང་སྐད་ཁྱ་ར་ཁྱོ་ར་ཞིག་འགྲིག་ཐུབ་པ་བྱུང་བའི་མཐུན་རྐྱེན་ལས་ད་གཟོད་ཁོང་ཚོ་མིང་དོན་མཚུངས་པའི་སློབ་ཆེན་པའི་རྩོམ་པ་པོ་ཞིག་ཏུ་གྱུར་སོང་བ་རེད། སློབ་ཆེན་གྱི་རྩོམ་པ་པོའི་སྡེའི་ཁྲོད་དུ་སྙན་ངག་དང་བརྩམས་སྒྲུང་། དེ་བཞིན་ལྷུག་རྩོམ་སོགས་ཀྱི་རྩོམ་པ་པོ་མི་འདྲ་བ་དུ་མ་ཡོད། སློབ་ཆེན་རྩོམ་པོ་པོར་གྱུར་བ་དེ་ཚད་ངེས་ཅན་ཐོག་ནས་ཁོང་ཚོ་ནི་སློབ་མ་གཞན་ལས་གོང་དུ་འཕགས་ཡོད་པ་ཡིན་ཏེ་ཁོང་ཚོ་ལ་མ་མཐར་ཡང་རྩོམ་པ་པོའམ་དགའ་ཅན་ཞེས་པའི་མིང་བཏགས་ཡོད་པ་དང་འགན་འཁྲིའི་འདུ་ཤེས་དང་བསམ་བློ་སོགས་གང་ཐད་ནས་སློབ་མ་གཞན་དང་བལྟོས་བཅས་ཀྱི་མཐོ་བར་ཡོད།
སྤྱིར་རྩོམ་ཡིག་ཅིག་ཡིན་ཕྱིན་རྩོམ་པོ་པོ་གང་དེའི་ནང་སེམས་ཀྱི་འཇིག་རྟེན་མངོན་ཚུལ་ཞིག་སྟེ། རང་ཉིད་ཀྱི་མི་ཚེ་དང་སྤྱི་ཚོགས། མིའི་རིགས་ལ་འཛིན་པའི་བསམ་བློའི་མཚོན་ཚུལ་ཞིག་རེད་ལ་བསམ་བློའི་མཚོན་ཚུལ་དེ་ཡང་ རྩོམ་པོ་གང་དེའི་ལུས་ངག་ཡིད་གསུམ་ནས་ཤག་ཤག་ཏུ་འཕྱུར་ཡོང་བ་ཞིག་རེད། དེ་འདྲ་ཡིན་རྐྱེན་གྱིས་མཐར་རྩོམ་པ་པོ་དང་གང་དེའི་རྩོམ་ཡིག་དབར་ཉ་ཆུ་ལྟ་བུའི་འབྲེལ་བ་ཞིག་སྒྲུབ་ཡོད་པ་ཡིན། རང་ཚུགས་ཀྱི་མི་གཞི་དབེན་པའི་སློབ་ཆེན་གྱི་རྩོམ་པ་པོ་དག་ལ་མཚོན་ན། མི་རིགས་ཞེས་པའི་བརྗོད་བྱ་ཆེན་པོ་འདི་གླེང་ཡང་ཆོག་ལ་མ་གླེང་ནའང་ཆོག་པའི་བརྗོད་བྱ་ཞིག་རེད་འདོད། རྒྱུ་མཚན་ནི་རྩོམ་པ་པོ་ཞིག་གིས་རང་ངོས་ནས་རང་ཉིད་ལ་འགན་འཁྲིའི་འདུ་ཤེས་ཏེ་རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་ལ་འགན་འཁྲིའི་འདུ་ཤེས་མེད་ན། ཆེན་པོ་མི་རིགས་དང་སྤྱི་ཚོགས། འགྲོ་བ་མིའི་རིགས་ཞེས་པ་དག་རྒྱང་རིང་བ་ཡིན་པ་ནི་རྗེས་དཔག་གི་རིག་པས་ངེས་ཤེས་འདྲོང་ངེས་ལ། མི་གཞིའི་ངོས་ཐད་ཀྱི་སྒེར་ཚུགས་ཡོད་མེད་ལས་མི་བུ་གང་དེའི་ནང་སེམས་པའི་འཇིག་རྟེན་ལ་ཕྱོགས་བསྡོམས་བྱས་ཆོག་སྟེ། སྒེར་ཚུགས་དང་ལྡན་པ་ཞིག་ཡིན་ན། མི་བུ་དེར་རང་བརྩིའི་བསམ་བློ་དང་ལྡན་ལ་འགན་འཁྲིའི་འདུ་ཤེས་ཀྱིས་བརྒྱན་པ། རྒྱུ་འབྲས་བློ་མིག་ཅན་ཞིག་ཡིན་ཞིང་། སྒེར་ཚུགས་དང་མི་ལྡན་ན་དེ་ལས་ལྡོག་པ་གཏན་ཚིག་ཏུ་གྲུབ་ཡོད་པས་ཡིན། ཕུགས་བསམ་ལ་མོས་ཤིང་སྟོང་བསམ་འབའ་ཞིག་ལ་སྙེག་པའི་གོམས་སྲོལ་གྱིས་བསྐྱངས་པའི་སློབ་ཆེན་རྩོམ་པ་པོ་དག་ནི་ཉིན་མཚན་དབྱེར་མེད་མི་རིགས་ཞེས་ཆེན་པོ་ཞིག་གླེང་གིན་སྟོང་བསམ་དང་འཆར་ཡན་ཁྲོད་ནས་རྩོམ་ཡིག་གཞལ་ཡས་ལྷ་ཁང་ལྟ་བུར་གྱུར་སོང་ནའང་རྩོམ་པ་པོ་རང་ཉིད་རྩྭ་ཁང་གོག་རལ་བཞིན། མི་གཞིའི་ངོས་ཐད་ཀྱི་རང་ཚུགས་དང་བསམ་བློའི་ངོས་ཐད་ ནས་རང་དབང་མེད་པར་གྱུར་སོང་འདུག དེ་ལྟར། རྩོམ་པ་པོ་གང་དང་གང་དེའི་རྩོམ་ཡིག་དབར་ལ་དཀར་ནག་དང་གནམ་ས་ལྟ་བུའི་བར་ཐག་དེ་བྱུང་བར་འདོད།
དེ་ཡང་། ཁོང་ཚོར་མཚོན་ན་རྩོམ་ཡིག་ནི་གང་བསམ་བསམ་གྱིས་ཕབ་ཆོག་ཆོག་ཏུ་ཡོད་པའི་རྩེད་མཚར་ཞིག་ དང་རང་ཉིད་ལ་རྩོམ་པ་པོ་ཞེས་པའི་མིང་ཆེན་པོ་འདི་ཐོབ་པར་བརྩོན་པ་ལས་རྩོམ་ཡིག་འབྲི་བའི་དམིགས་ཡུལ་མི་གསལ་བ་ཡིན་ལས་ཆེ། ཁོང་ཚོས་རྩོམ་ཡིག་གང་བྲིས་ཀྱང་དེ་འབྲི་བའི་ མ་མཐའི་དམིགས་ཡུལ་མི་གསལ་བ་སྟེ། རྩོམ་ཡིག་ཅིག་བྲིས་ཚར་རྗེས་དེ་དང་རྩོམ་པ་པོ་རང་དབར་ལ་བར་ལ་རྒྱང་གིས་ཆོད་འདུག་པ་རེད། དཔེར་ན། ཁོང་ཚོས་སྨྱུག་རྩེ་ནས་ཤག་ཤག་ གིས་མི་རིགས་དང་སྐད་ཡིག་གི་ལས་དབང་གླེང་ཞིང་མི་རིགས་དང་སྐད་ཡིག་གི་ལས་དབང་ལ་དུང་སེམས་མཉམ་སྐྱེའི་ཚོར་བས་ཁབ་རྩེ་བསྣུན་པའི་བར་སྟོང་ཙམ་ཡང་མེད་པར་ཚགས་ དམ་པོས་སྦྲེལ་བ། དེ་བཞིན་སྨྱུག་རྩེ་ལས་སྐྱ་ཟད་རྔོ་རྡུགས་དང་རྔུལ་ཁྲག་གིས་མི་ཚེ་འབུད་བཞིན་པའི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་དཀའ་སྡུག་དང་ཉམ་ཐག་པའི་འཚོ་གནས་ཀྱི་གནས་འབབ་གླེང་བར་སྤྲོ་མོད། དོན་དངོས་ཀྱི་འཚོ་བའི་ཁྲོད་ཀྱི་རྩོམ་པ་པོ་ཁོ་རང་ནི་ཟ་ར་ཟི་རིའི་ངང་ནས་མི་ཚེ་འབུད་བཞིན་པའི་ར་མ་ལུག་གི་བདག་ཉིད་འབའ་ཞིག་དང་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་རྔུལ་ཁྲག་གཏོར་བ་པོ་དེ་ཡིན་འདུག ཁོ་བོར་དེ་སྔོན་ང་དང་མེས་པོའི་གཏམ་གླེང་ཞེས་པའི་རྩོམ་ཐུང་ཞིག་ལ་འཇལ་བའི་གོ་བསྐལ་བྱུང་ཞིང་འདིར་རྩོམ་ཐུང་འདི་གླེང་དོན་ནི་དེར་དཔྱད་པ་བྱ་ཕྱིར་མིན་ལ་དེའི་ཚིག་སྦྱོར་གྱིས་ཡིད་དབང་འཕྲོག་པས་ཀྱང་ མིན། དྲང་མོར་བཤད་ན། རྩོམ་ཐུང་དེར་ཡ། ཕྱི་རབས་པ་ཁྱོད་ཚོས་རིག་གནས་ལ་དར་སྤེལ་ཇི་འདྲ་བཏང་ཡོད་དམ་ཞེས་བཀའ་དྲི་གནང་བྱུང་། ་་་་་དྲི་བ་འདི་ཐོས་རྗེས་ངའི་སེམས་རྦ་ལོང་བཞིན་འཁྲུགས་ཤིང་། ལུས་འདར་སིག་སིག་བྱེད་ཀྱིན་ཡོད་ནའང་ཨུ་ཚུགས་ཀྱིས། མ་གཞི་ང་ཚོ་ཕྱི་རབས་པའི་ཁྲོད་དུའང་བོད་ཀྱི་རིག་གནས་དར་སྤེལ་ཆེན་པོ་བཏང་ཡོད་ཀྱང་། ཕྱི་རབས་མང་ཆེ་བ་ནི་རིག་གནས་ལ་རྒྱུན་འཛིན་བྱ་རྒྱུ་ཕར་ཞོག་དེ་ལས་ལྡོག་སྟེ། ར་མ་ལུག་གི་སྐད་ཅིག་དང་ཡ་མ་ཟུང་གི་ཆས་ཤིག་སྤེལ་རྒྱུ་འཇོན་ཐང་ལ་བརྩིས་ནས། ངེད་བོད་མི་ཕན་ཚུན་སྐད་ཆ་ཤོད་སྐབས་ཀྱང་མི་རིགས་གཞན་གྱི་སྐད་བསྲེས་ནས་ཤོད་རྒྱུ་ལས། བོད་སྐད་གཙང་མ་ཞིག་ཤོད་ཐུབ་ཀྱི་མེད་ཅེས་ངོ་གནོང་ཆེན་པོས་ཞུས་ཞེས་པའི་བར་གྱི་བརྗོད་དོན་འདིས་ཁོ་བོ་ཀློག་པ་པོ་ཞིག་ཡིན་པའི་ངོས་ནས་དང་། རང་ཉིད་ཀྱི་ན་ཟུག་མང་པོ་ཞིག་ཤག་ཤག་ཏུ་གློད་འདུག་པ་དེས་ཁོ་བོའི་བསམ་གཞིག་གི་བློ་མིག་བཟུང་ཞིང་ལུས་སེམས་གཏིང་རུམ་ནས་འདར་ཁ་ཞིག་ཀྱང་སྦྱིན་ཡོང་བས་ཡིན། ཚིག་དུམ་འདི་རྩོམ་པ་པོ་གང་དེའི་སེམས་ཁོངས་ནས་ལང་ལོང་དུ་འཕྱུར་ཡོང་བའི་སེམས་གཏམ་དེ་ཡིན་ཀྱང་ཆོག་ལ་མིན་ཀྱང་རུང་གི བདེན་དོན་གྱི་སྡོམས་ཚིག་ནི་རྩོམ་པ་པོ་ཁོ་རང་ཉིད་ལ་སྤྲོད་རྒྱུ་ལས་ཀློག་པ་པོ་ང་ལྟ་བུ་ཞིག་ལ་འུད་ཚོད་ཀྱིས་ཐག་གཅོད་པའི་དབང་ཆ་ཡོད་པ་མིན་མོད། ནམ་ཞིག་ཚེ་ཡོད་ཚད་གསེར་བྱེ་ལས་གསེར་གསེར་དང་བྱེ་མ་བྱེ་མ་བཞིན་གསལ་ངེས་པའི་ཡིད་ཆེས་ཡོད་དེ། ཡོད་ཚད་དུས་ཚོད་དང་ལག་ལེན་གྱིས་བརྡར་ཤ་གཅོད་སྲིད་པའི་གཏན་ཚིག་འདིར་ཁོ་བོ་ཡིད་ཆེས་ཡོད་པས་སོ།རྩོམ་འདི་དང་འདི་ལྟ་བུའི་ལ་རྒྱའི་རྩོམ་ཡིག་གི་གྲིབ་གཟུགས་གང་ས་གང་དུ་མཐོང་རྒྱུ་འདུག་ལ། དེའི་རྒྱབ་ཕྱོགས་ནས་གང་དེའི་རྩོམ་པ་པོས་ངོ་རིས་གཞན་ཞིག་བསྟན་ནས་བགྲོད་ཀྱིན་པའང་མཐོང་རྒྱུ་འདུག (འདིར་དཔེ་མཚོན་གྱི་འདྲེན་པ་ལས་གང་དེའི་རྩོམ་པ་པོ་ལ་ཆེད་དམིགས་ཀྱིས་བརྗོད་པ་མིན་ནོ་ཞེས་གསལ་འདེབས་ཞུ་བ་ལགས)དེ་ལྟར་མཐོང་རིག་གི་ཁྲོད་ནས་སློབ་ཆེན་རྩོམ་པ་པོའི་ཁྲོད་དུ་ལ་རྒྱའི་ཕ་ཁོ་འབྲུག་སྒྲ་བཞིན་སྒྲོག་དགོས་ཟེར་མཁན། འགན་འཁྲིའི་འདུ་ཤེས་ཆུ་བོ་བཞིན་གླེང་དགོས་ཟེར་མཁན། ཀ་མད་སུམ་ཅུ་ངག་ནས་འདོན་དགོས་ཟེར་བའི་ཁ་ཕོ་སྒྲོག་མཁན་མཁའ་ཡི་སྐར་ཚོགས་ལས་མང་བའི་ཚོད་དུ་འདུག ཁ་ཕོ་དེ་དག་ཉམ་རྒུད་དུ་འགྲོ་བཞིན་པའི་ང་ཚོའི་ངོས་ནས་བརྗོད་ན་ཐན་དུས་ཀྱི་སྦྲང་ཆར་དཔེར་ངེས་པ་ནི་དགའ་འོས་པའི་གནད་ཅིག་འདུག་མོད། ཡིད་ཕམ་དགོས་པ་ཞིག་ལ་ཁོ་བོས་ནི་ཁ་ཕོ་ཙམ་གྱི་ཆོག་པའི་གཏན་ཚིགས་ཤིག་ད་ལྟ་བར་རྙེད་མ་སོང་བས། ལ་རྒྱའི་རྩོམ་ཡིག་དེ་དག་ལ་ཁོ་བོས་ཚད་ཤིང་ཇི་ལྟ་བུ་ཞིག་ཐོགས་ནས་འཇལ་དགོས་མིན་ནི་བསམ་གཞིག་ཀློང་གི་མག་མོག་དྲི་ཚིག་འབའ་ཞིག་གོ །
དེ་འདྲའི་ལ་རྒྱའི་རྩོམ་ཡིག་ཆུན་པོ་དག་ལས་ལ་རྒྱ་དང་མིག་ཆུ། དོགས་ཟོན་དང་དངངས་སྐྲག་ཅིག་བཅར་དུ་བཞུར་ཞིང་། དུས་དེས་དང་སྒེར་དེབ་ཤྭ་འོད་བཞིན་སློབ་གྲྭའི་ཁོག་གསེང་ནས་འཕྱོ་ཡོང་བའི་བསྐལ་བཟང་འདིས། ལ་རྒྱའི་རྩོམ་ཡིག་དག་ལ་རང་ངོམས་ཀྱི་གར་སྟེགས་ཤིག་སྟབས་སྟབས་པོར་བསྐྲུན་པ་དང་བསྟུན་ནས། སློབ་ཆེན་གྱི་རྩོམ་པ་པོ་དེ་དག་ལའང་རང་ངོམས་ཀྱི་གར་སྟེགས་ཤིག་དེ་མ་ཉིད་ཀྱིས་གྲུབ་པས་ན། རིག་གནས་ཀྱི་ཁོར་ཡུག་བྱིངས་ནས་ལ་རྒྱའི་རྩོམ་ཡིག་གི་མེ་ཏོག་ཆུན་པོ་དང་ཆུན་པོ་བཞད་དེ་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་དུས་སྟོན་ཡང་འགོ་ཚུགས་པ་རེད། རྩ་བ་ཚུགས་ཙམ་དང་གསོན་ཤུགས་ཀྱི་ཡན་ལག་རྒྱས་ལ་ཁད་ཀྱི་ངེད་ཚོའི་རིག་གནས་ཁོར་ཡུག་ཉམས་ཐག་པའི་རུམ་དུ་སུས་ལ་རྒྱ་གླེང་ནས་འོང་ན་དེ་ནི་ལ་རྒྱའི་རྒྱལ་པོའམ་ལ་རྒྱའི་བདག་ཉིད། དཔའ་བོར་བཀུར་ཅིང་། སུས་རང་ཚོད་ཀྱིས་རང་ངོས་ཀྱི་ལྟ་ཚུལ་དང་བསམ་ཚུལ། དྲན་འཆར་ལྒིང་ནས་འོང་ན། དེ་ནི་སྡར་མ་དང་སྒེར་སེམས་ཅན་དུ་འདོད་པའི་རྣམ་ཐར་ཡ་ང་བ་འདི་ཡང་སློབ་ཆེན་གྱི་རྩོམ་པ་པོའི་སྡེའི་ཁྲོད་ནད་འབུ་བཞིན་མུ་ནས་མུར་མཆེད་དང་མཆེད་བཞིན་པའི་གནད་དོན་ཡིན་འདུག ལ་རྒྱའི་རྩོམ་ཡིག་དང་ལ་རྒྱ་མིན་པའི་རྩོམ་ཡིག་ཇི་འདྲ་ཞིག་ཀྱང་དེ་ནི་རྩོམ་པ་པོ་སོ་སོའི་ནང་སེམས་ཀྱི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ། དེ་བཞིན་བསམ་གཞིག་གི་ཁ་ཕྱོགས་སོགས་མི་འདྲ་བའི་མངལ་ལས་ཐོན་པའི་འབྲས་བུ་དེ་ཡིན་པའི་ངོས་ནས་ཁོ་བོས་གང་དེར་བཟང་ངན་གྱི་རལ་གྲིས་གཅོད་པར་མི་བྱ་ལ།ཁ་ཚོན་གཅོད་པའི་སྙིང་སྟོབས་ཤིག་ལྡན་པའི་དབང་དུ་སོང་ནའང་། མི་ཞེས་སྐྱེ་དངོས་དང་སྲོག་ཆགས་གཞན་ལས་ཁྱད་འཕགས་ཀྱི་བདག་ཉིད་ཅན་ཏེ། གཅིག་ནས་སྐྱེ་དངོས་ཀྱི་བདག་ཉིད་ཅན་དང་། གཉིས་ནས་སྲོག་ཆགས་སྤྱི་ཡི་བདག་ཉིད་ཅན། གསུམ་ནས་མི་རང་མཚན་པའི་མཚོན་རྟགས་ཏེ་དཔྱོད་ཤེས་ཀྱི་བདག་ཉིད{༢}ཅིག་ཡིན་པའི་རང་ངོས་ཀྱི་དཔྱོད་ཤེས་ལ་བརྟེན་དགོས་པ་ཞིག་ལས་རང་ཚོད་ཀྱིས་རྨོངས་བཤད་དང་མུན་བཤད། ལོག་བཤད་ཀྱི་དབང་ཆ་མེད་པར་འདོད། མི་གཞིའི་ངོས་ཐད་ཀྱི་རང་ཚུགས་དང་འགན་འཁྲིའི་འདུ་ཤེས་ཀྱིས་དབེན་པའི་སློབ་ཆེན་གྱི་རྩོམ་པ་པོའི་སྡེ་ཆེན་པོ་འདི་ནས། དོན་དམ་པའི་ལ་རྒྱ་ཅན་དང་སྙིང་སྟོབས་ཅན་གྱི་དཔའ་བོ་ག་ཙམ་ཡོད་མེད་ལ་འདང་ཞིག་རྒྱབ་ན། གཅིག་གམ་བཅུ། བརྒྱའམ་སྟོང་ཡོད་མིན་ནི་འཕྱང་མོ་ཉུག་པའི་གནས་ཤིག་ལས་ཁ་ཚོན་གཅོད་ཆོག་པའི་གནས་ཤིག་མ་ཡིན་གི རྒྱུ་མཚན་ཡང་ལ་རྒྱའི་རྩོམ་ཡིག་སྤེལ་བ་དེ་ཙམ་གྱིས་དེའི་རྩོམ་པ་པོ་གང་དེ་དོན་གྱི་ལ་རྒྱ་དང་སྙིང་སྟོབས་ཅན་ཡིན་པའི་ངེས་པ་མེད་དེ། མི་གཞིའི་ངོས་ཐད་ཀྱི་རང་ཚུགས་དང་འགན་འཁྲིའི་འདུ་ཤེས་དབེན་པས་སོ། །
མི་ཞེས་སྤྱི་ཚོགས་ཀྱི་གྲུབ་ཆ་དང་བྱེད་པ་ཡིན་པའི་མཐོ་ཚད་ནས་བསམ་ན།མི་གཞིའི་ངོས་ཐད་ཀྱི་རང་ཚུགས་དང་འགན་འཁྲི་མེད་པ་ཞིག་ཡིན་ཕྱིན་གང་དེ་སྤྱི་ཚོགས་དང་རིག་གནས་ཀྱི་རྡབ་སིག་འོག་ནས་གཟུགས་འགྱུར་བའི་རྣམ་ཐར་འབྲི་འགོ་བརྩམས་པ་རེད། དེ་ཡང་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཡུས་ཅེས་༣ཡིས་མི་སྒེར་གྱིས་སྤྱི་ཚོགས་འཚོ་བར་འཇུག་པ་དང་དུས་མཉམ་དུ་རང་ངོས་ཀྱི་རང་གཤིས་དེ་ཡང་ངེས་པར་སྐྱོངས་དགོས། གལ་སྲིད་མི་བུ་གང་དེའི་རང་གཤིས་བོར་སོང་ན་སྙིང་པོ་ཅི་ཡང་མེད་སོང་བ་རེད་ལ་མི་སྒེར་ཡང་ནག་ཚོགས་པའི་ཁོངས་སུ་འགྱུར་འགྲོ་ཞེས་གསུངས་པ་བཞིན་སློབ་ཆེན་པའི་རྩོམ་པ་པོ་དག་ལ་མཚོན་ནའང་རིག་གནས་དང་སྤྱི་ཚོགས་ཀྱི་རབ་དང་རིམ་པའི་རྡབ་སིག་འོག་ནས་རང་གཤིས་བོར་དགོས་པའི་རྣམ་ཐར་ཏེ་རང་ངོས་ཀྱི་མི་གཞི་དང་རང་ཚུགས་ཀྱི་བསམ་བློ་བོར་བའི་རྣམ་ཐར་བྲིས་པ་དང་ཆབས་ཅིག དེ་འབྲེལ་གྱི་འགན་འཁྲིའི་འདུ་ཤེས་ཀྱང་བོར་དགོས་བྱུང་། དེ་ལྟར་ཉིན་དང་ཉིན་འདས་པའི་སློབ་ཆེན་གྱི་རྩོམ་པ་པོ་དག་ལ་མཚོན་ན། མི་རིགས་དང་རྒྱལ་ཁབ་ཅེས་སྐུལ་སློང་གི་གཏིང་ཟབ་ས་ཞིག་ན་ཁྲ་རོག་གེར་དང་སྨྱུག་རྩེ་ནས་དེ་མཚོན་གྱི་སེམས་གཏམ་མང་དུ་སྤེལ་ནའང་། རྩོམ་པ་པོ་རང་ངོས་ཀྱི་མི་གཞི་དང་འགན་འཁྲི་སོགས་རིང་དུ་བོར་སོང་བ་རེད་དེ་རྩོམ་པ་པོ་རང་ཉིད་ནི་ཁོ་རང་གི་བརྗོད་བཞིན་པའི་མི་རིགས་ཀྱི་ཞབས་འདྲེན་མཁན་དེ་དང་མི་རིགས་ཀྱི་བླ་འཚོང་བར་གྱུར་སོང་བ་ཡིན་འདུག དེ་ལྟ་བུའི་གནས་སྟངས་འོག་ནས་སློབ་ཆེན་གྱི་རྩོམ་པ་པོའི་སྡེ་ཞེས་ཆེན་པོ་འདི་ཡང་རྒྱུ་འབྲས་བློ་མིག་དང་འགན་འཁྲིའི་འདུ་ཤེས། སྙིང་སྟོབས་ཀྱི་རུས་པ་ལྡན་པའི་ཆེན་པོ་ནས་ཚུལ་འཆོས་ཀྱི་སྡེ་ཆེན་པོ་ཞིག་ལ་གྱུར་སོང་། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཆེན་པོ་འདིར་མཚོན་ན་དེ་ལྟ་བུའི་གནས་ཚུལ་ནི་སྤྱིར་ན་གོམས་སྲོལ་ཞིག་གམ་ལམ་ལུགས་ཤིག་གི་ཚུལ་དུ་གནས་དུས་མི་ལྟོས་པའི་གང་ས་གང་དུ་གནས་ཡོད་པས་ན། ཏན་རྨའེ་ཡིས་མཚན་ཉིད་རིགས་པ་བ་ཆི་གོ་ཁེས་རང་ཉིད་ཀྱི་ཚུགས་སུ་གནས་པའི་འཛིན་སྟངས་གསུམ་ཏེ། གཅིག སྒོ་རྒྱབ་ཀྱི་བསམ་བློའི་སྒྲིག་གཞི་ལ་ངོ་རྒོལ་དང་།གཉིས། མི་སྒེར་གྱི་ཁྱད་ཆོས་དང་གཙོ་གནད་རང་བཞིན་ལ་སྐུལ་འདེད། གསུམ། འཇིག་རྟེན་སྟེང་བྱ་བ་ག་གེ་མོ་ལས་བཞིན་པའི་མི་སུ་འདྲ་ཞིག་ཡིན་རུང་རང་དབང་དང་འགན་འཁྲི་ལྡན་དགོས་ཞེས་བརྗོད་པ་དེ་ནི་སློབ་ཆེན་པའི་རྩོམ་པ་པོ་དག་ལ་མཚོན་ན་ཇི་འདྲའི་འཚམ་པའི་སྨན་མཆོག་ཅིག་རེད་ཨང་།
དོན་དམ་པའི་རྩོམ་པ་པོ་ཞིག་ཡིན་ཕྱིན་མང་ཚོགས་ཀྱི་མགྲིན་ཚབ་པ་ཡིན་པའི་ངོས་ནས་འགན་འཁྲིའི་འདུ་ཤེས་ཅན་ཞིག་དང་རྒྱུ་འབྲས་བློ་མིག་ཅན་ཞིག་ཡིན་དགོས་པ་དང་། འགན་འཁྲི་ཡོད་མེད་ནི་རང་ཉིད་ནས་གཏམ་སྦྱོར་ལ་འཇུག་པ་སྟེ་རང་ཉིད་ནས་འགོ་རྩོམ་པ་ནི་འགན་འཁྲིའི་འདུ་ཤེས་ཡོད་པའི་རྟགས་རེད་ལ། བདེན་པའི་ངག་སྨྲ་རྒྱུ་ནི་རྒྱུ་འབྲས་བློ་མིག་གི་མངོན་ཚུལ་ཞིག་རེད། མི་རིགས་ཤིག་ཉམ་དམས་དང་རྨེག་མེད། འཆི་གསོན་ལ་གདོང་གཏོད་དགོས་དུས་མི་རིགས་འདིའི་མི་བུ་བྱེ་བྲག་པ་རེ་རེ་ནས་འགན་འཁྲིའི་འདུ་ཤེས་ཤུགས་ཆེན་ཏེ་རང་གི་འཚོ་གནས་ལ་འགན་འཁྲིའི་འདུ་ཤེས་དང་། རང་ཉིད་ཀྱི་སྤྱི་ཚོགས་ལ་འགན་འཁྲིའི་འདུ་ཤེས་ཀྱིས་བརྒྱན་ནས་རང་གི་གཏམ་སྦྱོར་ཚུད་པའི་འགྲོ་འདུག་སྤྱོད་གསུམ་ལ་གཟབ་ནན་ སྒོས་རྒྱུ་འབྲས་བློ་མིག་ཅན་ཞིག་ཡིན་དགོས་མོད། མི་གཞིའི་ངོས་ཀྱི་རང་ཚུགས་མེད་པའི་ངེད་ཚོའི་རྩོམ་པ་པོ་དག་ནི་རང་ཚུགས་མེད་པའི་ཐོག་ཁའི་དར་ལྕོག་བཞིན་གཡས་འགུལ་གཡོན་གཡོའི་ངང་ནས་གནས་པའོ། །
མདོར་ན། རང་གིས་རང་ཉིད་ལ་ཤེས་རྟོགས་གསལ་པོ་ཞིག་དང་རང་གི་གཏམ་སྦྱོར་ལ་འགན་འཁྲིའི་འདུ་ཤེས། རང་ཉིད་མིར་འགྲེང་མ་ཐུབ་པ། མི་གཞིར་གཞི་རྐང་བརྟན་པོ་ཞིག་མེད་སོང་ན་འགན་འཁྲིའི་འདུ་ཤེས་ཀྱི་མྱུ་གུ་རང་སྟེང་དུ་འབུས་དཀའ་བ་རེད་ལ་མི་རིགས་དང་རྒྱལ་ཁབ། མིའི་རིགས་ལ་ནི་དེ་བས་ཀྱང་ངོ་།། ཁ་བཤད་དང་ལག་བྲིས་གཉིས་ཀྱིས་ངེད་ཚོའི་སྤྱི་ཚོགས་འདིར་དགོས་ངེས་ཀྱི་ཁག་ཐེག་བསྐྲུན་ནུས་ན། ངེད་ཚོ་ནི་གནའ་སྔ་མོ་ཞིག་ནས་ནུབ་ཕྱོགས་བདེ་བ་ཅན་ནམ་བྱང་ཤམ་བྷ་ལར་གཤེགས་ཟིན་ཅིང་། ད་ཆ་ཀུན་གྱི་མོས་པ་དང་འདུན་པ་བོར་སའི་སངས་རྒྱས་དེ་ཡིན་ངེས་ནའང་། ཁ་བཤད་དང་ལག་བྲིས་གཉིས་ཀྱིས་ངེད་ཚོའི་སྤྱི་ཚོགས་ལ་ཕན་པ་བྱུང་བའི་རྣམ་ཐར་ད་ལྟ་བར་མཐོང་ཆོས་སུ་མ་གྱུར་ལ། ཕྱིས་སུ་ཀྱང་མཐོང་ཆོས་སུ་འགྱུར་བའི་ངེས་པ་ནི་ཆོས་ཉིད་ཀྱི་གནས་སྟངས་ལས་གཡོལ་བར་ག་ལ་ནུས། སློབ་ཆེན་རྩོམ་པོ་དག་གིས་ཁ་བཤད་དང་ལག་བྲིས་འབའ་ཞིག་ལས་རང་ཉིད་འཚོ་བོའི་ཡོ་ལང་གི་ཁྲོད་ནས་རང་ཚུགས་དང་འགན་འཁྲི། ཐ་ན་རང་གི་ཤོད་བཞིན་པ་དང་རང་གིས་ལས་བཞིན་པ་གཉིས་ལྟག་རྒྱབ་འགྲོ་བའི་སྐྱོ་གར་མཐོང་ཐེངས་རེ་རེར་ང་ཚོས་ཁ་ཕོ་འབའ་ཞིག་ལ་སྙེག་གིན་པའི་དུས་སྐབས་ཤིག་ལ་སྔོན་འགྲོ་བྱེད་བཞིན་པའི་སྣང་བ་འཆར་འོང་ལ།ངེད་ཚོའི་སློབ་ཆེན་རྩོམ་པ་པོ་དག་གིས་སྨྱུག་ཁ་ལས་རྩོམ་ཡིག་མཚར་པོ་ཞིག་བྲིས། རྩོམ་ཡིག་མཚར་པོ་དེའི་ཁ་བྱང་འོག་ཏུ་རང་མིང་མཚར་པོ་ཞིག་བཀོད་ནས་གང་དེའི་ནང་སེམས་ཀྱི་ལྟ་སྤྱོད་ལས་འཁྲུངས་པའི་རྩོམ་རིག་མཚར་པོ་དག་དང་རྩོམ་པ་པོ་རང་ངོས་ཀྱི་ལྟ་སྤྱོད་གཉིས་རྒྱབ་འགལ་དུ་སོང་འདུག་པའི་རྩོམ་ཡིག་མཚར་པོའི་སྟེང་གི་མཚར་བའི་གནས་དག་ནི་རྩོམ་པ་པོའི་གང་དེའི་མི་མཚར་བའི་གནས་དག་རེད་ལ། རྩོམ་ཡིག་མཚར་པོའི་དགག་སྒྲུབ་རྣོ་ཁ་ གཏོད་ས་དག་ནི་རྩོམ་པ་པོའི་གང་དེའི་མཚར་བའི་གནས་དག་རེད། བསམ་གཞིག་སྨྱུག་གུས་འདྲེན་ནས་དོན་ཡོད་ཡོད་འདྲ་ལ་མེད་མེད་འདྲ་བའི་བདེན་གཏམ་འདི་ཙམ་ཞིག་གིས་དྭངས་གཙང་གི་ཤོག་གུ་འདི་ནག་ནོག་ཏུ་བཏང་སོང་། ཡུན་རིང་མལ་ཆས་འཇམ་པོའི་རུམ་ནས་རྨི་ལམ་ལ་རོལ་བཞིན་པའི་སློབ་ཆེན་གྱི་རྩོམ་པ་པོའི་སྡེར་མིག་བཤེར་ཙམ་བྱས་པའི་གཏམ་ཐུང་འདིར་རིན་ཐང་ཇི་ཙམ་ལྡན་མིན་རང་ཉིད་འཕྱང་མོ་ཉུག་གི་གནས་སུ་ལྷུང་མོད། རྟགས་ཙམ་བཟུང་བའི་སློབ་ཆེན་གྱི་རྩོམ་པ་པོ་དག་ལ་བགྲོ་གླེ་ཚུལ་དུ་གླེང་བ་ཡིན་ལ་སློབ་ཆེན་གྱི་རྩོམ་པ་པོའི་སྡེར་དགག་སྟངས་ཤིག་ཀྱང་ཡིན་པས་སྨན་གྱི་སྟོབས་དང་མི་ལྡན་ནའང་ནད་བརྟག་པའི་གོམ་པ་དང་པོའི་ཚུལ་དུ་བྲིས་པའོ།།
མི་སེར་གྱི་ལག་པ་མི་མཐོང་བས་ང་རང་ཧ་ཅང་འཁྱག
གཞུང་ལས་ཁང་གི་མི་དཔོན་ཆེན་པོ་དེ་ཚོའི
གོམ་སྒྲ་ལྗི་ཏིག་ཏིག་་ཅིག་གིས་ང་རང་སྡུག་གི་མཐའ་ལ་འབྱར་གྱིན་འདུག
ཡིག་ཆ་དང་ཐམ་གའི་བསླུ་བྲིད་དུ་སོང་བའི་མི་དཔོན་གྱི་ལག་པོ་རིང་པོས
ལོ་རྒྱུས་དང་འབྱུང་བའི་ངོས་སུ་སྒེར་གཅོད་ཀྱི་གཞུང་ཆེན་བྲི་དུས
མི་སེར་གྱི་ལག་པ་མི་མཐོང་བས་ང་རང་ཧ་ཅང་འཁྱག
ལྷ་སར་ལོག་པའི་ལམ་བར་དུ་མི་འགའ་དང་གཏམ་གླེང་བྱས་རྗེས་ཤར་མར་བྲིས།
བུ་ཆུང་ཆུང་དང་བུ་མོ་ཆུང་ཆུང་།
བུ་ཆུང་ཆུང་དང་བུ་མོ་ཆུང་ཆུང་།
དྲན་ཐེངས་རེ་རེར
བུ་ཆུང་ཆུང་དང་བུ་མོ་ཆུང་ཆུང་གཉིས་ཀྱིས་ལག་སྣེ་ནས་བརྒྱུད་པའི་སྦྲེལ་སྐུད
ཁ་དོག་དཀར་བོའི་གྱང་ངོགས་སུ་འཆར་ཞིང་སེམས་གཉིས་ཀྱི་བར་ཐག་དེ
ཡིད་མུག་མུག་དང་ཞེ་མེར་མེར་ངང་ནས
གདོད་མའི་བཀག་རྒྱ་ལས་ལམ་ལུགས་གསར་བ་ཞིག་གི་ལམ་དུ་མྱུལ
བ་གམ་ཁང་ཆེན་གྱི་གྲིབ་ནག་འཕྱོ་བའི་སྲང་ལམ་གྱི་རྡོ་བཅལ་རེ་རེ
ཀུ་ཤུ་དང་ཤ་བསྲེག་གི་དྲི་ངན་ཡང་ཡང་འཕྱོ་བའི་དབུས་ཀྱི་དབུས་ནས
བུ་ཆུང་ཆུང་དང་བུ་མོ་ཆུང་ཆུང
ཟི་ལིང་ནས་ཡིན་པའི་ཚོང་པའི་རྒྱ་རྡོ་ལ་བཏེགས་ཏེ
མཐོ་དམའ་མིན་པའི་གོང་ཚད་ངང་ནས་གྲོང་འཁྱེར་གྱི་ཚོང་པ་ཞིག་ལ
ཤ་རུས་ཀྱི་རིན་གོང་རྒྱ་སྲང་ལ་བཏེགས
གློག་བཞུས་བསྐྲུན་པའི་དགོངས་མོའི་ཁྲོམ་རྭ་ཆེན་མོ
པོ་ཏ་ལའི་སྒེ་ཁུང་རེ་རེ་ནས་གསལ་ཞིང་རིག་ལ
ཞོལ་ཕྱི་མའི་མེ་ལོང་ངོས་ན་ལྷམ་མེར་བཀྲ
ལྗོངས་རྒྱུ་བ་མང་པོའི་པར་ལེན་འཕྲུལ་ཆས་ཀྱི་མིག་ནས
བུ་ཆུང་ཆུང་དང་བུ་མོ་ཆུང་ཆུང
མཐེ་བོང་གི་སྒོར་ཟུར་ལེན་པའི་པར་རིས་དག
ལམ་ལུགས་གསར་བའི་ལམ་སྟེང་ན་སྔར་བཞིན་འཚོ