logo

ང་དང་གྲོག་མ་ཆུང་ཆུང༌། བསྟན་འཛིན་དར་རྒྱས།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2013-05-09 ཀློག་གྲངས།:

རུས་མིང་། བསྟན་འཛིན་དར་རྒྱས།
འཛིན་གྲྭ ལོ་རིམ་བརྒྱད་པའི་འཛིན་གྲྭ་བཞི་བ།

ང་དང་གྲོག་མ་ཆུང་ཆུང༌།

        གནམ་ངོ་དྭངས་ཤིང་དྲོད་འཇམ་གྱི་བསིལ་རླུང་དལ་གྱིས་ལྡིང་བའི་ཉིན་མོ་ཞིག་ལ། ངས་རང་ཁྱིམ་གྱི་ནོར་ལུག་དེད་ནས་རྫི་བོར་སོང་པ་ཡིན། ནམ་རྒྱུན་ཕ་མས་གཅེས་ལང་དུ་བཏང་བའི་བུ་ཕྲུག་ང་ལ་མཚོན་ན། ཉིན་སུམ་རྒྱ་དྲུག་ཅུའི་ནང་ཉིན་ཁ་ཤས་མ་གཏོགས་ཚང་མ་རྫོང་མཁར་གྱི་སློབ་གྲྭ་ནས་སྐྱེལ་བཞིན་ཡོད། ཕ་ཡུལ་དང་ཁ་གྱེས་ཏེ་ཐག་རིང་ལ་སོང་མ་མྱོང་བའི་བདག་ལ་མཚོན་ན་རྫོང་མཁར་ཆུང་ཆུང་དེ་ནི་ཅི་འདྲའི་རྒྱང་རིང་རྒྱང་རིང་གི་ས་ཆ་ཞིག་རེད་ཨང༌། གནས་དེ་ན་ངའི་དྲན་གདུང་དང་མིག་ཆུ། རེ་བ་དང་ཕུགས་བསམ། ད་དུང་རྨིས་མི་ཚར་བའི་ངའི་བྱིས་དུས་ཀྱི་རྨི་ལམ་རིང་མོའང་ཡོད།
        གུང་གསེང་གི་ཉི་མ་འདི་དག་ལ་དཔེ་ཀློག་སྐྱོར་སྦྱོང་གི་སྒྲ་ཙམ་ཡང་གོ་རྒྱུ་མེད་པའི་རྒྱུ་མཚན་དེས། ཨ་ཕས་གཤེ་གཤེ་དང་ཨ་མས་སེམས་ཁྲལ་གྱི་མིག་ཆུ་ཐེངས་མང་བཞུར་མྱོང་ཡོད། དེ་རིང་ཡང་སྔོན་དང་འདྲ་བར་ཡིད་ཆད་ཀྱི་མགོ་བོ་གཡུགས་བཞིན“སློབ་སྦྱོང་མི་བྱེད་ན་རྫི་བོར་སོང” ཞེས་ཨ་ཕས་གཤེ་གཤེ་དང་ཨ་མའི་མིག་ཀོང་ན་འཁྱིལ་བའི་མཆི་མ་དེས། ང་རང་སེམས་པ་སྡུག་ཞོར་ལ་རྫི་བོར་འགྲོ་དགོས་བྱུང༌། རྒྱུ་མཚན་ནི་ངས་ཕ་མ་གཉིས་རང་ཉིད་ལ་དགའ་པོ་མི་འདུག་བསམ་པ་ཡིན། དབེན་འཇགས་ཀྱི་རི་ལུང་ནས་རྫོང་མཁར་གྱི་སློབ་གྲོགས་རྣམས་དྲན་ཞིང་ཁོ་ཚོའི་འཚོ་བ་ལ་ཡིད་སྨོན་དང༌། གོས་རང་འགྲུབ་དང་ཟས་རང་འགྲུབ་ཀྱི་སློབ་གྲྭའི་འཚོ་བའང་ཡང་ཡང་དྲན་དགོས་བྱུང༌།
        ཁེར་རྐྱང་དང་སུན་སྣང་གི་ཀློང་ནས་ཉི་མ་ནུབ་པར་རེ་ཞིང་སྒུག་པའི་བདག་ལ་མཚོན་ན། མིག་མདུན་གྱི་གྲོག་ཚང་དེ་ནི་དུས་ཚོད་རྒྱང་བྱེད་ཀྱི་ཐབས་ལམ་ཉག་གཅིག་དང་ཚ་ཚ་འུར་འུར་གྱི་ལྟད་མོ་ཐེངས་ཤིག་རེད། ང་རང་གྲོག་མ་ཆུང་ཆུང་ཚོས་བྲེལ་འཚུབ་ཀྱིས་ལས་ཀ་དང་ཕར་འགྲོ་ཚུར་འོང་གི་འདུ་འཛི། ད་དུང་རང་གི་གཟུགས་པོ་ལས་ཀྱང་ཆེ་བའི་ཁ་ཟས་ཁུང་ནང་དུ་འདྲུད་ཅི་ཐུབ་བྱེད་པའི་སྟོབས་ཤུགས་དང༌། གྲོག་ཚང་གཞན་གྱི་གྲོག་མ་ལ་འཐབ་འཛིང་གི་རྒྱལ་ཕམ་རྩོད་པའི་རྣམ་པ་སོགས་ལ་མགོ་འཁོར་ནས་ཆུ་ཚོད་ག་ཚོད་ཙམ་སོང་བ་ངས་ཀྱང་ཤེས་མ་སོང༌།
        ཡིན་ནའང་འདི་འདྲའི་ཆུང་ཞིང་ཆུང་བའི་གྲོག་མ་འདི་དག་གི་བརྩོན་འགྲུས་དང་སྙིང་སྟོབས། མཐུན་སྒྲིལ་སོགས་ལས་བདག་ནི་བསམ་གཞིགས་དང་དྲི་བ་མང་པོ་ཞིག་གི་རྒྱ་རུ་ཚུད་ཅིང༌། རང་གིས་རང་ལ་ངོ་ཚ་ཁ་སྐྱེངས་ཀྱི་དྲི་བ་མང་པོ་དྲིས་པ་ཡིན། རྒྱུ་མཚན་ནི་ང་ནི་སྨྲ་ཤེས་ཤིང་དོན་གོ་བའི་མི་ཡིན་ཞིང་ངའི་གཟུགས་པོ་ནི་གྲོག་མ་ལས་ལྡབ་སྟོང་ཕྲག་གིས་ཆེ་བས་སོ།།

བསྟན་འཛིན་དར་རྒྱས་ནི་ཕ་ཡུལ་ཡངས་པ་ཅན་ལ་ཐོག་གྲོང་ཚོ་ནས་ཡིན། དུས་རྒྱུན་དུ་དཔེ་དེབ་ཉར་ཚགས་བྱེད་རྒྱུ་དགའ་པོ་ཡོད་པ་དང་། ས་ཁམས་དང་གནམ་གཤིས་སྐོར་གྱི་དེབ་ཀློག་རྒྱུར་ཤིན་ཏུ་དགའ་བར་མ་ཟད། དངོས་ལུགས་སོགས་ཚོད་ལྟ་བྱ་རྒྱུར་དེ་བས་ཀྱང་དགའ།

 
 
འབྲེལ་ཡོད་འོས་སྦྱོར།