logo

ས་སྲོད་ཀྱི་སློབ་རྭ། རྒྱན་མཚན་དབང་འདུས།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2013-05-09 ཀློག་གྲངས།:

རུས་མིང་། རྒྱན་མཚན་དབང་འདུས།
འཛིན་གྲྭ  ལོ་རིམ་དགུ་བའི་འཛིན་གྲྭ་གཉིས་པ།

ས་སྲོད་ཀྱི་སློབ་རྭ།

སྐར་འོད་ཆེམ་ཆེམ་འཕྲོ་བའི་ས་སྲོད་ཀྱི་དུས་སུ།།
ཁྲ་ཆིལ་འོད་དང་ལྡན་པའི་གློག་སྒྲོན་གྱི་འོག་ཏུ།།
དཔེ་འཛིན་སྐྱོར་སྦྱངས་སྒྲ་དབྱངས་རྣ་ལམ་དུ་ཐོས་དུས།།
རིག་གནས་བདུད་རྩི་འཇོ་བའི་ངང་ཚུལ་འདི་སྤྲོ་བ།།
ཁུ་སིམ་ལྷིང་འཇགས་མཚན་མོའི་ཟླ་འོད་ཀྱི་འོག་ནས།།
ཁོ་ར་ཁོར་ཡུག་བདེ་བའི་རྨི་ལམ་དུ་ཚུད་ནས།།
ངོ་མཚར་འཁྲུག་ཆའི་ལྟད་མོ་གློ་བུར་དུ་ཡལ་དུས།།
རང་སེམས་སྟོང་བར་གྱུར་བའི་སྣང་བ་ཞིག་འཆར་བྱུང༌།།
མཚན་ལྗོངས་སློབ་གྲྭའི་ངོ་མཚར་ལྟད་མོ་འདི་མཐོང་དུས།།
སེམས་ཀྱི་ཡོད་ཚད་མཚན་མོའི་ཡུལ་ལྗོངས་འདིས་འཁྱེར་སོང༌།།
ཤེས་བྱའི་དོ་ར་དགོས་འདོད་ཀུན་འབྱུང་གི་མཛོད་འདིར།།
ཤེས་བྱའི་ཕ་མཐར་བགྲོད་པའི་གྲུ་གཟིངས་ལ་བརྟེན་དགོས།།

 

ཀ་བཤད་སྙིང་གི་འབོད་སྐུལ།

ཀ་ཁ་སློབ་གཉེར་བྱེད་པའི་ལྡུམ་རྭ་ཡི་ཁྲོད་ནས།།
ཁ་ཟས་ཞིམ་མངར་འདོད་དགུའི་དཔལ་ཡོན་ལ་རོལ་ཞིང༌།།
ག་འགྲོ་འདི་འགྲོ་མེད་པའི་ཡུལ་གྱར་བཞིན་འཁྱམས་ན།།
ང་ཚོ་འགྲོ་བ་མི་ཡི་མཚན་སྙན་འདི་ལྡན་ནམ།།
ཅ་ཅོ་འུར་ཟིང་བྲལ་བའི་སློབ་སྦྱོང་གི་དུས་ལ།།
ཆ་འཇོག་ཡོད་པའི་ལས་བཟང་སྒྲུབ་རྒྱུ་ཞིག་ལྟ་ཞོག།
ཇ་ལན་ཆུ་རུ་འཇལ་བའི་ངང་ཚུལ་འདི་མཐོང་དུས།།
ཉ་མོ་ཆུ་དང་བྲལ་བའི་བཟོ་ལྟ་ཞིག་དྲན་བྱུང༌།།
ཏ་རེན་ཡིན་མདོག་ཁ་ཕོའི་རྫིག་ཉམས་ཤིག་བསྟན་ནས།།
ཐ་མག་ཧ་ལ་ནག་པོ་ཁ་ནང་དུ་བཅུག་ནས།།
ད་ཆ་རང་ཚུགས་ཤོར་བ་རང་ཉིད་ཀྱིས་མ་མཐོང༌།།
ན་མཉམ་གྲོགས་པོས་དོན་འདིར་མནོ་བསམ་ཞིག་བྱེད་རོགས།།
པ་ཕའི་གཅེས་ཕྲུག་ནར་སོན་རང་མགོ་ཞིག་ཐོན་དུས།།
ཕ་ལམ་ལྟར་གྱི་གཟི་འོད་འཕྲོ་དུས་ཤིག་མེད་ཀྱང༌།།
བ་གླང་ཁྱད་མེད་ལེ་ལོའི་སྤྱོད་པ་དེ་དོར་ན།།
མ་བཟང་བུ་ཕྲུག་ཅིག་གི་སྤོབས་ཉམས་དེ་ལོས་ལྡན།།
ཙ་རི་ལྟ་བུའི་ཁྱད་འཕགས་གནས་མཆོག་གི་ཡུལ་ན།།
ཚ་གྲང་དཀའ་བ་བཟོད་པའི་སྙིང་རུས་ཤིག་ལྡན་དགོས།།
ཛ་ཡའི་བསྟན་པའི་འཕེལ་འགྲིབ་དེ་བཞིན་དུ་སྣང་བས།།
ཝ་མོ་ལྟར་གྱི་མི་རིགས་བླ་བཙོང་ཞིག་མ་བྱེད།།
ཞྭ་མོ་ཝ་ཡིས་བྱས་པའི་མི་རིགས་ཀྱི་གོམས་སྲོལ།།
ཟ་མ་བྲལ་བའི་ལྟོགས་སྐོམ་གདུང་བ་ལས་ཆེ་སོང༌།།
འ་ཅག་ཨ་མའི་བུ་ཡི་གཤིས་བཟང་གི་ལུས་ལ།།
ཡ་མ་ཟུང་གི་ཆ་ལུགས་སྦྱོང་རིན་ཞིག་ཨེ་འདུག།
ར་མ་ལུག་གི་སྐད་ལུགས་ཐོལ་བྱུང་དུ་སྨྲས་ནས།།
ལ་ལུང་སྐྱེ་བོ་ཀུན་གྱིས་འཕྱ་ཡུལ་དུ་གྱུར་བས།།
ཤ་ཚའི་གཏམ་སྙན་རྣ་བརྒྱབ་རླུང་བུ་རུ་བཏང་ནས།།
ས་སྟེང་འདི་ན་ངུ་ངག་ཤོར་དུས་ཤིག་ཤར་འོང༌།།
ཧ་ཧ་ཧུ་ཧུ་དགའ་སྤྲོའི་འཛུམ་མདངས་ཤིག་ཕྱུང་ཞིང༌།།
ཧ་ལས་ཧང་སངས་ལབ་སྒྲས་ལ་ལུང་ལ་ཁེངས་པས།།
ཨ་ཚ་རྒྱུན་ཆད་མེད་པའི་ནམ་དུས་ཤིག་འབྱུང་སྲིད།།
ཨ་མའི་ཨོ་ལོའི་ཐུགས་ལ་དེ་འདྲ་རང་དགོངས་ཤིག།

རྒྱལ་མཚན་དབང་འདུས་ནི་རི་བོ་གཉན་ཆེན་ཐང་ལྷའི་ཉེ་འདབ་ཀྱི་སྙིང་གྲོང་གྲོང་ཚོ་ནས་ཡིན་ཞིང་། རྩོམ་ཡིག་འབྲི་བར་སྤྲོ་ཞིང་རྐང་གྲུག་རྩེ་བར་མོས། ཁོང་གི་རེ་འདུན་ནི། ཤེས་རིག་འགྲན་རྩོད་ཀྱི་ཚ་རླབས་འཕྱུར་བའི་དུས་རབས་འདིར། རང་རིགས་གཞོན་ནུ་ཚོས་རང་མི་རིགས་ཀྱི་མ་འོངས་པར་ཡིད་ཆེས་དང་དམ་བཅའ་བརྟན་པོས་མི་རིགས་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་རྒྱུན་འཛིན་བྱས་ཐོག   མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གཏོང་དགོས། འབོད་སྒྲ། བདག་གི་ལས་དབང་ནི་བྱེ་ཐང་དུ་སྐྱེས་པའི་རྩྭ་ཕྲན་ཞིག་དང་འདྲ་བར་ཉི་མའི་འོད་ཟེར་དང་ཆུ་ཕྲན་གྱི་རམ་འདེགས་མེད་པར་རང་ཉིད་གཅིག་པུས་སྐྱེས་འཚར་མི་ནུས་པ་ཇི་བཞིན། བཤེས་གཉེན་གྱི་བྱམས་བརྩེ་དང་བཀའ་སློབ་མེད་པར་རང་མགོ་ཐོན་ཐབས་བྲལ། འོན་ཀྱང་ནམ་ཞིག་འཚར་སྡུག་དང་གཟི་འོད་བཀྲ་བའི་དུས་ཤིག་བྱུང་ཚེ། མཐོ་སྒང་གི་མ་འོངས་པའི་ཆེད་དུ་རང་ནུས་ཡོད་ཚད་ཀྱིས་ལེགས་སྐྱེས་འབུལ་བར་འདོད།

 
 
འབྲེལ་ཡོད་འོས་སྦྱོར།