དེ་རིང་ངས་ཕ་ཡུལ་དྲན་བྱུང་། མ་རུ་བཀྲ་ཤིས་འཚོ།
སློབ་གྲྭ། ཀླུ་ཆུ་རྗོ་བོད་རིགས་སློབ་འབྲིང་།
འཛིན་གྲྭ། དམའ་གཉིས་འཛིན་བདུན།
རུས་མིང་། མ་རུ་བཀྲ་ཤིས་འཚོ།
ད་ནངས་ཡར་ལངས་ནས་སྒོའི་ཕྱི་རུ་ཡོང་བ་ན། རླུང་བུ་དྲག་པོ་ཞིག་གིས་ངོ་གདོང་ཡོངས་འཁྱག་སིབ་སིབ་བྱས་སོང་། ཅི་འདྲའི་རླུང་བུ་རྒོད་པོ་ཞིག་ཨང་། ངའི་ར་རོ་བའི་རྣམ་ཤེས་གསོན་པོ་དེ་ཡང་སངས་པར་བྱས་སོང་།
ངའི་སེམས་སུ་ད་ནི་སྟོན་ཟླ་བཅུ་བའི་རླུང་བུ་ལྡོམ་པོ་དེས་མི་རྣམས་ལ་འཇམ་རྒོལ་བྱེད་པའི་མགོ་རྩོམ་བཞིན་འདུག་ཨང་སྙམ། ཡིན་ན་ཡང་། ཨ་མས་ང་ལ་བཟོས་པའི་ཕུ་ཐུང་སྔོན་པོ་དེ་གྱོན་ཡོད་པས་ལག་པ་ནི་ལྕགས་ཐབ་ཆེན་པོ་ཞིག་ལ་བསྲོས་པ་ནང་བཞིན་དྲོད་ལམ་ལམ་བྱས་འདུག
ངས་ངའི་ཕུ་ཐུང་གི་ངོས་ལ་སྦྱར་བའི་ཨ་འཇམ་ཚ་རུ་དེ་མཐོང་བ་ན་ངེད་ཚང་གི་རྩྭ་རའི་ནང་མཆིང་ལྡིང་བྱེད་བཞིན་པའི་འབའ་འབའ་ལུ་གུ་དག་དྲན་བྱུང་ལ། ཞིབ་ཅིང་ཚགས་པའི་སྐུད་ཉག་རེ་རེ་མཐོང་བ་ན་ངས་དྲིན་ཆེན་གྱི་མ་ལོ་ཁོང་དྲན་བྱུང་། ཡུན་གྱིས་ནམ་ཇེ་གསལ་དུ་སོང་མོད། འོན་ཀྱང་རྗ་མགོ་སྔར་བཞིན་སྨུག་པས་བཏུམས་འདུག སློབ་གྲོགས་རྣམས་ཀྱིས་དཔེ་ཆ་འདོན་པའི་སྒྲ་དབྱངས་དེ་ཕུ་བོས་གཡང་དཀར་རི་ལ་རྒྱག་པའི་སྐབས་ཀྱི་འུར་ཟིང་གི་འབའ་སྒྲ་དང་གཉིས་སུ་མ་མཆིས།
ད་ནངས་ཡོད་ཚད་ཕ་ཡུལ་གྱི་ཞོགས་པ་དང་མཚུངས་ཏེ། ཐ་ན་དགེ་རྒན་གྱི་བསླབ་བྱ་ཡང་ཨ་ཕའི་གདམས་ངག་དང་འདྲ་འདུག
མ་གཞིར། འདི་ཡོད་ཚད་ནི་ངས་ཕ་ཡུལ་དྲན་པའི་རྒྱུ་རྐྱེན་ཡིན་འདུག
འོས་སྦྱོར་བ། བདེན་འཚོལ།༼བོད་ཡིག་དགེ་རྒན།༽