logo

སྙིང་མ་རྗེ། དགོན་པ་མགོན་པོ་འཚོ།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2014-03-01 ཀློག་གྲངས།:

སློབ་གྲྭ། ཀླུ་ཆུ་རྗོ་བོད་རིགས་སློབ་འབྲིང་།
འཛིན་གྲྭ། དམའ་གཉིས་འཛིན་བདུན།
རུས་མིང་། དགོན་པ་མགོན་པོ་འཚོ།

      གཟའ་སྤེན་པའི་ཞོགས་པར་གསེར་མདོག་གི་ཉི་འོད་སྒེའུ་ཁུང་ངོས་སུ་ཅུང་ཟད་འཕྲོ་བྱུང་།ང་རང་མལ་ལས་ལངས་ཏེ་ཁ་ལག་སོགས་བཀྲུས་རྗེས་དཔེ་ཁུག་རྒྱབ་ཏུ་ཁུར་ནས་སློབ་ཁང་དུ་བསྐྱོད།སློབ་ཁང་དུ་འཛུལ་མ་ཐག སློབ་མ་འགས་བརྙན་འཕྲིན་ལ་བལྟས་འདུག ངས་དཔེ་ཁུག་ཏུ་དབྱིན་ཡིག་གི་དཔེ་ཆ་དེ་བསྡུས་ནས་སྒོར་བུད་པ་ན། ཏག་ཏག་གྲལ་བསྒྲིགས་པའི་ཅོང་བརྡ་དེ་ལྷང་ངེར་གྲགས་བྱུང་།
      ཞོགས་པའི་ཀློག་འདོན་དེ་མིག་ལྡེབ་ཙམ་གྱིས་བུད་སོང་། སློབ་གྲྭས་ངལ་གསོ་བཏང་སོང་། དེ་རིང་སློབ་གྲོགས་བུ་རྣམས་ཕྱིར་འགྲོ་ཉིན་ཡིན་པས། ང་རང་སློབ་གྲྭའི་ནང་ཁུལ་གྱི་ཚོང་ཁང་དུ་སོང་བ་ན། འཛིན་གྲྭའི་བུ་མོ་རྣམས་ཀྱིས་དྲ་འཕེན་ལག་རྩེད་སྤོ་ལོ་རྩེ་བཞིན་ཡོད་པས། ངས་ཀྱང་སྐྱིད་པོ་རེད་བསམ་ནས་ཆུ་ཚོད་ཕྱེད་ཙམ་ལ་རྩེ་བ་ཡིན། དེ་ནས་མཚམས་བཞག་སྟེ་ཕྱིར་ཉལ་ཁང་དུ་སོང་།རང་གི་སློབ་ཆུང་གི་གྲོགས་མོ་དེའི་ཉལ་ཁང་དུ་སོང་བ་ན། མོས་ཀྱང་ང་ལ་སྒུག་འདུག མོས་ཨ་ཅེ་པད་དགའ་ཡང་ཐོན་འདུག
      ང་ཚོས་གང་བྱུང་གི་ཁ་བརྡ་བྱས་ནས་འདུག་པའི་སྐབས་དེར། ཧྲུ་ལེ་ཧྥོ①ཡིས་སྒོ་ཁྲག་སེ་ཕྱེ་ནས་ཐོན་བྱུང་། དེ་མ་ཐག་པད་དགས་ཁོ་ལ། ཡ། ཁྱོད་སྡོད་དང་། འུ་ཚོས་ཁ་བརྡ་བྱེད་ཟེར་བ་ན། ཁོས་གདོང་དུ་འཛུམ་མདངས་ཅུང་རྒྱས་ནས་ཨ་ཞས་ཟེར་བ་ལས་ཅང་མ་བཤད། ངས་ཁོ་ལ་ཁྱོད་ཀྱི་ཕ་ཡུལ་གང་ཡིན་ཞེས་དྲིས་པར།ཁོས་ང་སྔོན་ཆད་རྒྱལ་སྒུར་གྱི་ཡིན་ཞེས་གོ་རྒྱུ་ཅན་གྱི་སྐད་ཆ་ཞིག་བཤད་བྱུང་། ངས་མུ་མཐུད་དུ་འདྲི་འདོད་དུས་པད་དགས་ངའི་ཁ་ནས་འཕྲོག་སྟེ་འོ་ན་ཁྱོད་ཀྱི་ཕ་མ་གཉིས་ཁྱོད་ཀྱི་འགྲམ་དུ་མེད་པ་ཅི་རེད་ཅེས་དྲིས་བྱུང་། ཁོས་གདོང་ལ་སྡུག་པའི་རྣམ་འགྱུར་གྱིས་ཨ་ཕ་སྐུ་གཤེགས་ནས་ལོ་ཕལ་ཆེར་བཞི་ཙམ་ལོན་འདུག ཨ་མ་མོ་ཀ་ཅི་ཡི་ཁྲང་ཞན་དུ་ཡོད། མོ་ལ་མོ་ཡི་བུ་མོ་ཡིས་བདག་སྐྱོང་བྱེད་བཞིན་ཡོད་ཅེས་གསལ་བོར་བཤད་བྱུང་། དོན་དེས་ང་ཚོ་ཚང་མ་གློ་བུར་དུ་ཁུ་སིམ་མེར་གྱུར།སྐབས་དེར་པད་དགས་ཁྱོད་ཀྱིས་གུང་ཟས་ཟོས་སམ་ཞེས་དྲིས་པར། ཁོས་མ་འཐུང་ཞེས་ལན་བཏབ་པར། པད་དགས་མྱུར་དུ་ཀོ་རེ་བག་ལེབ་ཅིག་བྱིན་པ་རེད། དེ་ནས་སླར་ཡང་ང་ཚོས་ཁ་བརྡའི་མཇུག་བསྐྱངས་པ་ཡིན། ངས་ཁོ་ལ་དེས་ན་ཁྱོད་ཀྱིས་མི་ཚེ་གང་བོར་གད་སྙིགས་འཐུ་རྒྱུ་ཡིན་ནམ་ཞེས་དྲིས་པ་ན། ཁོས་ཡུད་ཙམ་ལ་བསམ་བློ་ཞིག་བཏང་མཐར་ད་དུང་མི་ཤེས་ཀི་ཞེས་ལན་བཏབ་པ་རེད། ཡང་ངས་ཁོ་ལ་འོ་ན་ཟླ་བ་གཅིག་ལ་ཁྱོད་ལ་གད་སྙིགས་ཀྱི་ཡོང་སྒོ་ཅི་ཙམ་ཡོད་ཅེས་དྲིས་པ་ན། ཁོས་མིག་ཟུང་གིས་ང་ཚོར་བལྟ་བཞིན་སྐད་དམའ་མོས་སུམ་རྒྱ་ལྷག་འདུག་ཅེས་བརྗོད་བྱུང་། ངས་མུ་མཐུད་དུ་ཁོ་ལ་དེས་ན་ཁྱོད་ཀྱིས་སྒོར་མོ་འདི་དག་གིས་ཅི་ཞིག་བྱ་རྩིས་ཡོད་ཅེས་དྲིས་པ་ན། ཁོས་ཐེ་ཚོམ་མེད་པར་ངས་མ་འོངས་པར་ཐོག་ཁང་ཆེན་མོ་ཞིག་འཛུགས་བསྐྲུན་བྱེད་རྒྱུ་ཡིན་ཟེར་དུས།ང་ལ་རང་དབང་མེད་པར་གད་མོ་ཞིག་ཤོར།
      སྐབས་དེར་དཔག་དགས་ཁོ་ལ་ང་ཚོས་གླུ་ཁ་བྱེད་དང་། ཐོག་མར་ཁྱོད་ཀྱིས་གླུ་ཤིག་ལོངས་ཞེས་བཤད་པར། ཁོས་དངོས་གནས་གླུ་ཞིག་བླངས་བྱུང་། ཅི་ཙམ་ཉན་ཀྱང་ཚིག་འབྲུ་གཅིག་ཀྱང་མི་གོ་ལ་དབྱངས་རྟ་དེའང་གོ་མ་མྱོང་བ་ཞིག་རེད། དུས་དེར་ང་ཚོ་ཚང་མ་བགད་ནས་མིག་ཆུ་ཡང་བཞུར་ལ་ཉེ། ཁོས་ང་ཚོར་བལྟ་བཞིན་སྔར་བཞིན་གླུ་ལེན་པ་རེད། དུས་དེར་ངའི་སེམས་སུ་གོ་ཐོས་ལྟར་ན་ཁོ་ཡིས་དཔེ་ཆར་བལྟ་རྒྱུ་མང་དྲགས་སོང་བས་དཔེ་ཆ་བ་གླེན་པར་གྱུར་བ་རེད་ཅེས་པའི་དོན་དག་དེ་དྲན་བྱུང་།
      སྙིང་མ་རྗེ། ཁོ་མ་ངོ་མ་གླེན་པ་ཞིག་ཏུ་གྱུར་ཚར་འདུག ཁོ་ལ་ཤ་ཚ་ཉེ་རིང་ཞིག་མེད་སོང་བ་ཡིན་ནམ། ཁོས་ལོ་ངོ་ཅི་ཙམ་ལ་གད་སྙིགས་འཐུ་ཐུབ་བམ། སྙིང་མ་རྗེ། དཀོན་མཆོག་གིས་ཁོ་རང་སྐྱོབ་ཐུབ་པར་སྨོན།
 ①རང་འགུལ་གྱིས་སློབ་རའི་གད་སྙིགས་འཐུ་བའི་བགྲེས་པོ་ཞིག

༢༠༡༣ལོའི་ཟླ༤བའི་ཚེས༡༤ཉིན།
འོས་སྦྱོར་བ། བདེན་འཚོལ།༼བོད་ཡིག་དགེ་རྒན།༽


འབྲེལ་ཡོད་འོས་སྦྱོར།