logo

ང་ཁྱེད་ལ་བརྩེ་ཞིང་ཁྱེད་ལ་དུངས། ཡེ་ཤེས།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2014-12-25 ཀློག་གྲངས།:

རུས་མིང་། ཡེ་ཤེས།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་བཞི་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

      འུ་ཅག་གི་འབྱུང་ཁུངས་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མཛངས་མ་གཉིས་ཀྱི་རིགས་རྒྱུད་ཡིན། ཕ་ས་སྨུག་པོ་ནི་ཀེ་ལ་ཤ་ཡི་བསྐོར་བའི་ས་ལའི་སྨན་ལྗོངས་དེ་ཡིན་ལ་ཁ་དབུགས་ནི་དྭངས་ཤིང་གཙང་།
      ཡངས་ཤིང་རྒྱ་ཆེ་བའི་འཇའ་ཐང་ཕྱུག་མོའི་སྟེང་དུ་ནག་ཅིང་སྣུམ་པའི་སྦྲ་ནག་གྲུ་བཞིའི་ནང་དུ་གངས་ཕྲུག་བུ་མོ་ངའི་ལྟེ་ཁྲག་ཕོས་སའི་གནས་དེ་ཡིན། ཕ་ཡུལ་འཇའ་ཐང་ནི་ཡངས་ཤིང་ཆེ་ལ་མཁའ་ལ་ཟུག་འདྲི་རི་ཚོགས་རྣམས་མེ་ཏོག་གི་འདབ་མ་དང་མཚུངས་པས་མིང་ལ་འཇའ་ཐང་པད་མ་ཟེར། འཇའ་ཐང་པད་མའི་དཀྱིལ་དབུས་སུ་རྫ་ཆུ་སྔོ་མོ་ནི་གཡུ་མདོག་དང་འདྲ་ལ་དེ་ནི། མི་འགྱུར་ལྷ་ཡི་རྫིང་བུ་ནས་དབྱངས་ཅན་ལྷ་མོའི་པི་ཝང་སྣེ་ཡི་ཁ་བཏགས་དང་འདྲ་བར་ཕར་འཁྱོག་ཚུར་འཁྱོག་བྱས་ནས་ལྟོ་འགྲོ་མ་དང་ཀུན་ནས་མཚུངས། དལ་འགྲོ་མའི་འགྲམ་ངོས་གཡས་གཡོན་དུ་ཆུ་སྐྱེས་པད་མ་མཛེས་པའི་འཛུམ་སྒེག་གིས་སྤྲོ་སྐྱིད་ལྡན་པའི་སྣང་བ་ཞིག་བསྩལ་ཞིང་། ཆར་ལྡན་གྱི་དུས་སུ་དབྱར་སྐྱེས་རྔ་སྒྲ་དང་ལྷན་དུ་ཆར་བ་ཤག་ཤག་ཏུ་འབབ་པ་ན་རྩྭ་དང་རྩི་ཤིང་རྒྱས་ཏེ་ས་གཞི་ཡོངས་སུ་ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་སྣ་ཚོགས་བཞད་ནས། མེ་ཏོག་སྣ་གཅིག་འཇལ་ན་མེ་ཏོག་སྣ་གཅིག་བཞད་ཅིང་། ཁ་དོག་རྣམ་པ་བཀྲ་བའི་མེ་ཏོག་དེ་དག་གིས་ཤེས་ལྡན་མི་དང་ཡང་ན་སྲོག་ཆགས་ཡོད་དོ་ཅོག་གི་འདྲེན་བྱེད་ཀྱི་ལམ་དུ་མཛེས་ཤིང་ལྟ་ན་སྡུག་པ་དང་དགའ་བའི་འཛུམ་མདངས་དང་སྐྱིད་པའི་བདེ་སྐྱིད་སྟེར་ཐུབ་པའི་མཛེས་སྡུག་གི་ཕ་ཡུལ་ལགས། ང་ཁྱེད་ལ་བརྩེ་ཞིང་ཁྱེད་ལ་དུངས། ངས་ནམ་ཡང་ཁྱོད་ལ་བསྔགས་བརྗོད་བྱེད་འདོད་ཡོད།
      སྦྲ་ནག་གྲུ་བཞིའི་ནང་དུ་ཡོད་པའི་དྲིན་ཆེན་གྱི་ཡབ་ཡུམ་གཉིས་ནི་ནམ་མཁའི་ཉི་ཟླ་བཞིན་དུ་བཞུགས་ཏེ། བྱམས་དང་སྙིང་རྗེ་ལྡན་པའི་དྲིན་ཆེན་གྱི་ཕ་མ་རྣམ་གཉིས་ཀྱིས་རང་གི་བདེ་སྐྱིད་ཕངས་མེད་གཞན་དོན་དུ་བསྩལ་ཞིང་། གཞན་གྱི་སྡུག་བསྔལ་མཐའ་དག་རང་སྟེང་དུ་ལེན་པའི་རླབས་ཆེན་གྱི་ཡབ་ཡུམ་ཁོང་རྣམ་གཉིས་དབྱར་ཟླ་གསུམ་པའི་ཚ་གདུང་གི་ཁྲོད་ནས། ལུས་ཟུངས་ཀྱི་ནུས་ཤུགས་ཡོད་ཚད་བསྟོན་ནས་ལས་ཀ་ལ་ཨུ་ཚུགས་ངང་ནས་འབད་པ་བྱས་ཏེ་རྔུལ་ཆུ་ཡིས་ཚི་ལེན་རློན་པར་གྱུར་འདུག ནང་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་ཁོག་སྟོད་ཆུ་དང་ཁོག་སྨད་ལྕི་འདམ་བྱས་ཏེ་འགྲོ་བའི་ཨ་མ་ནི་ནམ་རྒྱུན་དུ། རང་ཉིད་ཀྱི་ཁྱིམ་གཞི་དང་ངེད་མིང་སྲིང་གསུམ་གྱི་ཆེད་དུ་དཀའ་བ་ཆེད་དུ་བསད་ངལ་བ་དང་དུ་བླངས་ནས། བཟའ་མི་གང་བོ་བདེ་སྐྱིད་དང་ལྡན་པའི་འཚོ་བར་རོལ་ཐབས་བྱེད། སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ནས་ངལ་རྩོལ་བྱེད་བཞིན་པ་དེ་ནི་ང་ཚོ་མིང་སྲིང་རྣམས་ཀྱི་ཆེད་དུ་ཡིན་པ་བུ་མོ་ངའི་སེམས་སུ་ཝ་ལེ་གསལ་བཞིན་ཡོད། འོན་ཀྱང་བྱམས་དང་བརྩེ་བས་སྐྱོང་མཁན་གྱི་དྲིན་ཆེན་གྱི་ཨ་ཕ་དང་ཨ་མ་གཉིས་ལ་དྲིན་ལེན་འཇལ་འདོད་ཆེ་ཡང་རང་ནུས་ཀྱིས་ལྕོག་གི་མི་འདུག ཡིན་ཡང་ངས་ནམ་ཡང་ཁྱེད་རྣམ་པ་གཉིས་ལ་སྔགས་བརྗོད་བྱེད་ཞོར་དུ་སྐུ་ཚེ་རི་རྒྱལ་ལྷུན་པོ་བཞིན་དུ་བརྟན་པའི་སྨོན་ལམ་ཡང་ཡང་ཞུ། བྱམས་ལྡན་གྱི་ཡབ་ཡུམ་ལགས། ང་ཁྱེད་ལ་བརྩེ་ཞིང་ཁྱེད་ལ་དུངས།


འབྲེལ་ཡོད་འོས་སྦྱོར།