logo

ཁ་བའི་མེ་ཏོག སྒྲོལ་མ་ཚེ་བརྟན།

རྩོམ་པ་པོ།:སྒྲོལ་མ་ཚེ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-01-09 ཀློག་གྲངས།:

རུས་མིང་། སྒྲོལ་མ་ཚེ་བརྟན།
འཛིན་གྲྭ། མཐོ་གཉིས་བདུན་རྩིས་ཚན་འཛིན་གྲྭ།

      ཁ་བའི་མེ་ཏོག
      དྲི་མེད་ཀྱི་མཆོད་རྫས་དཀར་པོ།
      ལོ་རྒྱུས་ཀྱི་གསེང་ལ་འཐིམས་པའི་བློ་གྲོས་ཀྱི་ཞུན་ཐིགས་ལགས།

      འདས་ཟིན་པའི་ལོ་རྒྱུས་ཀྱི་རླབས་ཕྲེང་ཁྲོད་དུ།
      གྲང་ངར་མཚོན་གྱི་འཁོར་ལོས་ས་གཞིའི་ལྗང་མདོག་བཅོམས།
      སྐྱ་ཐང་ཐིང་གི་ལྗོངས་རྣམ་ཞིག་གིས་སྐྱེ་འགྲོའི་མཐོང་ཚད་ལ་དབང་བསྒྱུར་བྱེད་དུས།
      ཁྱེད་ནི་སྤྱན་རས་གཟིགས་ཀྱི་བྱམས་བརྩེའི་སྤྱན་ཟུང་ལས་འཁྲུངས་ཏེ།
      ནོར་འཛིན་དབང་མོར་དར་དཀར་གྱི་ཕྱི་ལྭ་བསྩལ།
      དྲི་མ་དང་ནག་ནོག་གིས་ཁེངས་བའི་སྟོང་སང་གི་ཁང་ཁྱིམ་ལ་ཕྱི་དོར་མཛད།
      ཁྱེད་ཀྱི་མཛེས་པའི་ལོ་འདབ་ལས།
      མཐོ་སྒང་ན་གནས་པའི་མི་རིགས་འདི་ལ།
      དུས་རབས་ཀྱི་རླབས་ཕྲེང་དགུང་དུ་འཕྱོ་བའི་སྣང་ཚུལ་བརྗོད་པོ་མཐོང་དུ་བཅུག
      ཁྱེད་ཉིད་མཁའ་རླུང་གི་སྐས་ཐེམ་ནས་མི་ཡུལ་ལ་ཕེབས་པའི་གོམ་སྒྲ་ལས།
      གངས་རིའི་ར་བའི་ཁྲོད་ཀྱི་མི་རིགས་འདི་ལ།
      དུས་རབས་གསར་བའི་གསུང་སྐད་ཐོས་སུ་བཅུག

      ཐ་མར།
      རྟ་བདུན་དབང་བོའི་འོད་ཟེར་གྱི་མདའ་རྩེ་རྣོན་པོ་ཁྱེད་ལུས་ལ་ཕོག་དུས།
      ཁྱེད་ཀྱིས་རང་ཉིད་ལུས་ཕུང་ཆུ་ཐིགས་པ་གཅིག་རེར་སྤྲུལ་ནས།
      སང་ལོའི་ལྗང་མདོག་གི་མྱུ་གུའི་ཚེ་སྲོག་གི་གཞི་མ་རུ་བསྒྱུར།
      ཁ་བའི་མེ་ཏོག་ལགས།
      མདོར་ན། ཁྱེད་ནི་ངེད་སྒང་བ་བོད་པ་ཚང་གི་རྟེན་གཞི་རེད་ལགས།


འབྲེལ་ཡོད་འོས་སྦྱོར།