logo

དབྱངས་གསལ་སོ་བཞི། བཀྲ་ཤིས་དོན་གྲུབ།(ཆེ)

རྩོམ་པ་པོ།:བཀྲ་ཤིས་དོན་གྲུབ།(ཆེ) ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-01-09 ཀློག་གྲངས།:
རུས་མིང་། བཀྲ་ཤིས་དོན་གྲུབ།(ཆེ)
འཛིན་གྲྭ། མཐོ་གཉིས་བདུན་འཛིན་གྲྭ།
     བདག་ཅག་མཚར་སྡུག་རབ་མཛེས་ཀྱི་འཇིག་རྟེན་འདིར་སླེབས་པ་ནས་བཟུང་། འགྲོ་མི་ཤེས་པའི་ཚེ་སྲོག་ཆུང་ཆུང་ཞིག་ནས་དྲིན་ཆེན་མ་ལོའི་བྱམས་བརྩེས་བསྐྱངས་ནས་བློ་གསལ་གྱི་བྱིས་པ་ཞིག་ཏུ་འཚར་ལོངས་བྱུང་།
  དྲིན་མ་ལོའི་བརྩེ་བའི་སྐལ་བཟང་ཤར་བ་ཡིས་རང་ཉིད་ཆུང་དུས་ནས་བཟུང་ཤེས་རིག་གི་ཞིང་ཁམས་སུ་འགྲིམ། དུས་དེ་ནས་བཟུང་ཁྱེད་ནི་བདག་དང་མཉམ་དུ་གནས། ཁྱེད་ནི་ང་ཡི་ལྷད་མེད་ཀྱི་གྲོགས་མཆོག་ཡིན། ཁྱེད་ནི་ངའི་ལྐོག་གྱུར་གྱི་གསང་སྒམ་འབྱེད་བྱེད་ཀྱི་ལྡེ་མིག་དེ་ཡིན་ལ། མུན་སེལ་གྱི་སྒྲོན་མེ་འོད་ཆེན་དེའང་ཡིན། ཁྱེད་ནི་བུ་ཆུང་ངའི་མཐོང་རྒྱ་ཡངས་པོར་བསྐྱེད་བྱེད་དང་བློ་མུན་གྱི་དུག་སྡོང་རྩ་ནས་གཅོད་བྱེད་ཀྱི་རྣོ་དབལ་རལ་གྲི་དེའང་ཡིན། དུས་དེར་ང་ནི་ནམ་ཡང་ཁྱེད་དང་འགྲོགས་ཡོད།
     མི་ལོ་བཅུ་ལྷག་གི་རིང་ལ། ཤེས་རིག་གི་འཇིག་རྟེན་འདི་འགྲིམ་མཐར།ཤེས་མེད་བུ་ཆུང་ང་ལ་འཇིག་རྟེན་འདི་ནི་ངོ་མཚར་ཞིང་དོན་སྙིང་ལྡན་པ་ཞིག་ཡིན་པ་ཤེས་སུ་བཅུག ད་ལྟ་ངས་ཁྱེད་ནི་འཛམ་གླིང་ལ་བལྟ་བའི་ཤེས་ལྡན་མིག་ཟུང་ཡིན། འོད་ཀྱི་ཞིང་ཁམས་འགྲིམ་བྱེད་ཀྱི་རིག་པའི་འཕྲུལ་རྩེད་དེའང་ཡིན། འོད་ཀྱི་ཞིང་ཁམས་འགྲིམ་པའི་ལོ་འདི་གའི་རིང་། ཁྱེད་རང་དུས་ཚོད་སྐར་ཆ་གཅིག་ལའང་བདག་དང་བྲལ་མ་མྱོང་ཞིང་། ལྷག་པར་བསླུ་བྲིད་སོགས་མི་ཆོས་དང་ལྡོག་པའི་གཤིས་སྤྱོད་རིང་ནས་དོར་བའི་བློས་ཐུབ་ཀྱི་གྲོགས་མཆོག་དམ་པ་དེ་ཡིན།
     ཁྱེད་ཀྱི་དྲུང་དུ། གདུང་རྒྱུད་གཅིག་ལས་མཆེད་པའི་རིགས་ཀྱི་སྤུན་ཟླའི་དགའ་སྟོན་འཛོམས། རྟེན་འབྲེལ་བཟང་པོའི་ཤེས་རིག་གི་མཆོག་སྦྱིན་སྟེར་བའི་སྦྲང་ཆར་བསིལ་མའི་དངོས་གྲུབ་འཇོ། གཤིས་ལེགས་སྤྱོད་བཟང་རྒན་བཀུར་སྲོག་ལྟར་གཅེས་པའི་ཐུ་བྷོད་བཙན་པོའི་སྲོལ་བཟང་རྒྱུད་ལ་བཅངས། དབྱངས་གསལ་སོ་བཞི་བུ་ངའི་སེམས་ཀྱི་སོམ་ཉི་བྲལ་བར་བྱེད་པའི་འོད་ཟེར་ཁྱོད་ཡིན།
     བསམ་གྱིན་བསམ་གྱིན་དུ། ངའི་ཚེ་སྲོག་གི་རྟེན་དུ་གྱུར་བའི་དབྱངས་གསལ་སོ་བཞི། ཁྱེད་ཅག་ནི་བོད་མི་ས་ཡ་དྲུག་གི་སེམས་ཁོངས་ན་གནས་པའི་ལ་རྒྱ་དང་། རུས་རྐང་ལ་འཐིམས་པའི་བླ་སྲོག ངེད་ཅག་གིས་དུས་ནམ་དུ་ཡང་། ཁྱེད་དང་ལྷན་དུ་གནའ་སྔ་མོ་ཞིག་གི་གཏམ་རྒྱུད་ལ་མགོ་རྐང་སྒྲིག་ནས། རང་ཉིད་ཀྱི་ཁ་དོག་མང་པོས་གྲུབ་པའི་འཇིག་རྟེན་གསར་བ་འདི་སྔར་ལས་ལྷག་པའི་འོད་སྟོང་འཕྲོ་བར་བྱེད་ངེས། ངའི་བདེན་པའི་རྡོ་རིང་།བསྐལ་བརྒྱར་བརྟན་ཤོག

འབྲེལ་ཡོད་འོས་སྦྱོར།