ཉི་མའི་གྲོང་གི་སྲིད་འབྱོར་རིག་གསུམ། ཁྲི་ཟླ་གཞོན།
ཉི་མའི་གྲོང་གི་སྲིད་འབྱོར་རིག་གསུམ།
རུས་མིང་། ཁྲི་ཟླ་གཞོན།
འཛིན་གྲྭ། མཐོ་གཉིས་འཛིན་གྲྭ་དང་པོ།
གདོད་མའི་རྟ་མཆོག་དྲག་ཏུ་ཁྲོས་པས་རྨིག་སྒྲས་ས་གསུམ་ཡོངས་སུ་བཀང་། །
བཙན་པོའི་དམག་གི་ངར་སྐད་ཀྱིས་ཀྱང་གནམ་གྱི་སྲས་པོ་ཁྲི་ལས་ཕབ། །
འཛམ་གླིང་སུམ་གཉིས་ས་ཡི་དཀྱིལ་འཁོར་སྟོབས་ཀྱིས་བཟུང་བའི་སྙན་པ་དེ། །
ས་གསུམ་སྲིད་པའི་ཡང་རྩེ་འདི་ན་དལ་བ་མེད་པར་ལྷང་ལྷང་རྒྱུ། །
ཁ་བའི་བཙན་པོ་རིམ་བཞིན་བྱོན་པ་ལུ་གུ་རྒྱུད་ཀྱི་ཕྲེང་དུ་བསྟར། །
ཆོས་སྲིད་ཟུང་འབྲེལ་ཁྲི་གདུགས་འོད་ཀྱིས་གངས་ཅན་འགྲོ་ཚོགས་ཚུལ་བཞིན་སྐྱོང་། །
དཔལ་དང་འབྱོར་བ་དབྱར་གྱི་མཚོ་བཞིན་མཁའ་ལ་རྒྱས་ཤིང་འཕྱོ་བ་ལ། །
མཐོ་རིས་ཡུལ་གྱི་མིག་སྟོང་ཅན་ཡང་སྨོན་པའི་སེམས་པ་འདི་ལ་ཤོར། །
གྲུབ་མཐའ་རིས་མེད་སྐྱེས་ཆེན་དམ་པ་ཀུན་གསལ་ལམ་གྱི་རྒྱུ་སྐར་སྟེ། །
གནས་བཅུ་རིག་པའི་ལྷ་ཟླ་དཀར་པོ་ཡར་ནས་ཡར་ལ་མྱུར་ཏུ་འཕེལ། །
གནའ་དེང་ཡ་མཚན་རིག་གཞུང་ཆུ་སྐྱེས་དྲི་བསུང་ཕྱོགས་བཅུར་འཐུལ་བ་ཡིས། །
ཕྱི་ནང་རྒྱལ་ཁབ་མི་རིགས་ཀུན་གྱིས་རྐང་དྲུག་གཞོན་ནུའི་རྣམ་ཐར་སྐྱོང་། །
རི་ཆུ་ནགས་གསུམ་གཙང་ཞིང་མཛེས་པས་མཐོ་རིས་ཚལ་གྱི་ཁེངས་པ་འཕྲོག །
རྩྭ་དང་རྩི་ཤིང་སྨན་དུ་གྲུབ་པས་ནད་རིགས་བཞི་བརྒྱ་རྨང་ནས་འཇོམས། །
རིགས་དྲུག་འགྲོ་བ་མ་རུ་སྒོམ་པའི་ཕྱག་ན་པདྨོའི་གདུལ་ཞིང་སྟེ། །
རྒྱུ་འབྲས་ལས་ཀྱི་བསོད་ནམས་སྟོབས་ཀྱིས་སྐྱེ་ཁམས་དོ་མཉམ་འཆམ་ཞིང་མཐུན། །
རྨ་འབྲི་རྫ་གསུམ་ལྷ་ཡི་བུ་མོས་བརྩོན་པའི་གོ་ཆ་སྤྲས་པ་ཡིས། །
མེས་རྒྱལ་མི་རིགས་དུང་ཕྱུར་འགའ་ལ་བདེ་སྐྱིད་འཚོ་བའི་སྦྲང་ཆར་བསྩལ། །
མེས་པོའི་སྲོལ་རྒྱུན་གསེར་ནག་གདུ་བུ་མི་རབས་དུ་མར་སྤེལ་བ་ཡིས། །
རི་ཆུ་ནགས་ན་ལྷ་ཀླུ་གནས་པའི་ཡིད་འགུག་གཏམ་གྱིས་ཁོར་སྲུང་བྱེད། །
གཡོ་སྒྱུའི་གོས་དང་ཧམ་སེམས་དྲི་བྲལ་གངས་དཀར་ཨ་མའི་བུ་ཕྲུག་ཚོས། །
དེང་རབས་སྲིད་གསར་གཟི་འོད་ངོགས་ན་བརྩོན་པའི་མིག་ཟུང་རྒྱང་ལ་ཀེར། །
དུས་རབས་གསར་བའི་འཕྲུལ་གྱི་ཞིང་གི་མཛེས་ལྡན་ལྷ་ཡི་སྲས་མོ་དེ། །
རང་ཡུལ་ཁ་བ་དཀར་པོའི་ཞིང་དུ་བག་མར་བསུ་བའི་སྟ་གོན་བགྱི། །
འཛམ་གླིང་ཡང་རྩེ་ཉི་མའི་གྲོང་ཞེས་མཐོ་རིས་ཡུལ་གྱི་ཟླ་བོ་སྟེ། །
སྡེ་བཞིའི་ལོངས་སྤྱོད་སྐྱེངས་པར་བྱེད་ཅིང་ཆབ་དཔལ་རིག་གསུམ་ཡོངས་སུ་རྒྱས། །
རིགས་དྲུག་འགྲོ་ཚོགས་འཚེ་བ་མེད་པར་ཕན་ཚུན་གཅེས་ཤིང་བྱམས་པ་ལ། །
ཉམས་མེད་ཆོས་རྒྱལ་ཕྱག་ན་པདྨོའི་གདུལ་ཞིང་ཞེས་པའི་སྙན་པ་འབར། །
མེས་པོའི་རྡོག་སྒྲས་ས་གསུམ་མནན་པའི་བསུབ་མེད་ལོ་ཡི་ཞབས་རྗེས་དང་། །
དེང་རབས་སྲིད་གསར་ཉི་གཞོན་གསར་བའི་འོད་གཉིས་ཟུང་དུ་འབྲེལ་བ་ཡིས། །
ཆུང་གྲོགས་གསེར་སྨྱུག་གྲོགས་སུ་སྦྲན་ནས་བསྟོད་ཚིག་དབང་མེད་ཤོར་བ་ལ། །
རིགས་ཀྱི་གཞོན་ནུས་འཕྱ་སྨོད་མ་གནང་བུ་ངས་བརྗོད་འདོད་སེམས་གཏམ་ཡིན། །