ཨ་མ་ལགས། ངས་ཁྱོད་ཡང་ཡང་དྲན་བྱུང་། མཚོ་རིས།
རུས་མིང་། མཚོ་རིས།
འཛིན་གྲྭ། ལོ་རིམ་བརྒྱད་པ།(12)
དྲིན་ཆེན་མ། ཟླ་བ་གཟའ་ཡིས་བཟུང་བའི་ལོ་དེ་ནས་བཟུང་། མཚོ་མོ་འཁྱགས་པས་བསྡམས་པའི་དུས་དེ་ནས་བཟུང་། སེམས་ཀྱི་ཉི་ཟླ་འགྲིབ་པའི་སྐབས་དེ་ནས་བཟུང་། འུ་གཉིས་ཀྱི་བརྩེ་བ་ཟབ་མོ་དེ་བརྗོད་མི་ཚར་བའི་ལོ་རྒྱུས་སུ་གྱུར་ཞིང་བསམ་མི་ཚར་བའི་གཏམ་རྒྱུད་ཀྱི་ཆུ་ཀློང་དུ་འདྲེས་སོང་། གསང་མི་ཚུགས་པའི་མྱ་ངན་གྱི་མུན་དོང་དུ་ལྷུང་བྱུང་། ངའི་བྱམས་ལྡན་གྱི་མ་ལོ་ལགས། མཚན་མོ་དེར་ཁྱོད་ང་དང་དུས་གཏན་དུ་བྲལ་ཏེ་ཡུལ་གང་ཞིག་ལ་བཞུད་སོང་ངམ། ཁྱེད་ཉིད་བཞུད་པའི་ཉི་མ་དེ་ནས་བཟུང་ངའི་སེམས་ཁམས་ལ་སྡུག་སྣང་ལྷུང་སོང་། ངའི་རུས་རྐང་ལ་ན་ཟུག་སྐྱེས་སོང་། ངའི་མིག་ལམ་ལ་མཆི་མ་འཁོར་སོང་། ངའི་གནས་མལ་ལ་ཁ་བ་བབས་སོང་། ཁྱེད་མེད་པས་ངའི་ཡོད་ཚད་ཚར་སོང་།
ཨ་མ་ལགས། ཁྱེད་འདི་ལྟར་བུད་སོང་བས་བཟའ་མི་ལྷན་འཛོམས་ཀྱི་འཚོ་བར་བདེ་སྐྱིད་མེད་པར་སྡུག་གིས་ཁེངས་སོང་། བུ་ཕྲུག་ཚོ་སྐྱོངས་ཀྱིན་པའི་ཨ་ཕའི་གདོང་ལ་གློ་བུར་དུ་རྒས་གཉེར་གྱི་མདུད་པ་ཅི་འདྲའི་མང་པོ་ཞིག་བརྒྱབ་བྱུང་ལ། ལྕི་འདམ་གྱི་ཁྲོད་ནས་འདུར་གྱིན་པའི་ཨ་ཅེའི་མིག་ལ་བཞུར་ནས་ཚར་རྒྱུ་མེད་པའི་མཆི་མ་དེ་འདྲའི་མང་པོ་འཁྱིལ་བྱུང་བ་ལའང་། ད་དུང་ཤེས་རིག་གི་ཐང་ཆེན་དུ་བརྩོན་འགྲུས་ཀྱི་རྟ་ཕོར་ཞོན་ཏེ་མ་འོངས་པའི་ཕྱོགས་སུ་རྒྱུགས་ཀྱིན་པའི་བུ་མོ་ང་ལ་བསམ་མི་ཚུགས་པའི་སྡུག་བསྔལ་འདི་འདྲའི་ལྕི་མོ་ཞིག་བཞག་ཡོད་པའོ། ། དེ་རིང་ངས་ཡང་བསྐྱར་ཁྱོད་རང་དྲན་དགོས་སོང་། བར་སྐབས་འདིར་བུ་མོ་ངས་ནན་ཏན་སྒོས་སློབ་ཁྲིད་ལ་ཉན་པའི་སྐབས་ཤིག་ཀྱང་ཡིན་སྲིད་རུང་། ཁྱོད་དྲན་པའི་དབང་གིས་སེམས་ཁམས་མག་མོག་ཏུ་གྱུར། མིག་ལམ་རབ་རིབ་དུ་སྣང་། ལག་གི་སྨྱུ་གུ་ལྷུང་། བསམ་གཞིགས་ཀྱི་ཁ་ཕྱོགས་ནོར་བྱུང་། སྙིང་དམར་པོ་ལྡིང་ཚད་ཇེ་མགྱོགས་དང་མིག་ཁྲ་ཆུང་བསིལ་བ་ཇེ་འཁྱགས་རེད། སྐད་གདངས་མཐོན་པོས་ཁྱོད་ཀྱི་མིང་དུ་བོས་ན་སྙམ། ནུས་པ་ཡོད་རྒུས་ཁྱོད་ཀྱི་ཕྱོགས་སུ་རྒྱུགས་ན་བསམ། འཆི་བདག་གིས་ཁྲིད་ཟིན་པའི་ཁྱོད་རང་ཡུལ་གང་དུ་ཡོད། ང་ཕྱོགས་གང་ཞིག་ཏུ་ཁྱོད་རང་བཙལ་དུ་འགྲོ་དགོས་སམ། ཨ་མ་ལགས།
ངས་ནམ་ཡང་ལོ་ཟླ་དང་ལོ་ཟླ་བགྲངས་བཞིན་ཕྱིར་དྲན་དང་ཕྱིར་དྲན་གླེང་བཞིན་ཁྱོད་ཀྱི་འཛུམ་མདངས་ཀྱི་ཞལ་ངོ་དེ་ཡིད་ལ་སྒོམ་དགོས། ཁྱོད་ཀྱི་རྣམ་དག་གི་ལྷག་བསམ་དེ་སེམས་སུ་ཉར་དགོས། ས་རུབ་ཐེངས་རེར་ཁྱོད་མེད་པའི་མ་ཎི་ཡང་ཡང་བགྲངས། ནམ་ལངས་ཐེངས་རེར་ཁྱོད་སོང་བའི་སྡུག་ཡུས་ཡང་ཡང་བསྲན། ཨ་མ་ལགས་ཁྱོད་དྲན་ཐེངས་རེ་ལ་ངས་མཆོད་རྐོང་གི་འོད་སྣང་ཀློང་ནས་ཁྱོད་ཀྱི་སྐུ་གཟུགས་མཐོང་འདོད་ལ་དཀོན་མཆོག་ལ་གསོལ་བ་བཏབ་ནས་ཁྱོད་ཀྱི་བཞད་སྒྲ་ཐོས་པར་སྒུག མ་ཟླ་བ་འདྲ་བོ་ནུབ་སོང་། ཕ་ཉི་མ་ལྟ་བུ་རྒས་སོང་། ཁྱིམ་དྲོན་མོ་འཁྱགས་པས་བསྡམས། སེམས་སྐྱ་མོ་སྡུག་གིས་མནར། ལས་དབང་ལ་འཁང་ར་བྱེད་ཀྱིན་འདུག་དགོས་ལ་དོན་དངོས་ལ་སྨྲེ་སྔགས་འདོན་གྱིན་འགྲོ་དགོས་སོང་། ཨ་མ་ལགས། ཁྱོད་དྲན་པའི་སྡུག་བསྔལ་ཇེ་ལྕི་ཡིན་ལ་ཁྱོད་གླེང་བའི་དངན་པ་ཇེ་ཐུ་རེད། མི་ཡུལ་འདི་སྟོང་སིང་ངེ། རི་ལུང་འདི་ནག་འཐིབ་བེ། ཟས་ཞིམ་པོའི་བྲོ་བ་ཉམས་སོང་། ཤ་མཆིན་པའི་སྟེང་འོག་བརྗེ་སོང་། ངས་ངོ་མས་ཁྱོད་དྲན་སོང་། ཁྱོད་གང་དུ་སོང་། ཁྱོད་ནམ་ཞིག་ལ་ཡོངས་སམ། ང་མ་ཤི་བར་དུ་ཁྱོད་ནམ་ཐོན་ལ་སྒུག་ནས་འདུག་ངེས། ཨ་མ་ལགས།