བློ་སྤོབས་ཀྱིས་ཁེངས་པའི་ཕུགས་བསམ། མེ་སོན་གྱིས་བསྒྱུར།
རྩོམ་པ་པོ།:མེ་སོན་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-11-01
ཀློག་གྲངས།:
བློ་སྤོབས་ཀྱིས་ཁེངས་པའི་ཕུགས་བསམ།
ཡུས་ཅེས་བརྩམས། མེ་སོན་གྱིས་བསྒྱུར།
ཉིན་འགའི་སྔོན་དུ། ཁོ་བོ་པེ་ཅིན་གྱི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཁག་ཅིག་དང་ལྷན་དུ་བསྡད་དེ་ཁ་བརྡ་བྱས་པ་ཡིན། ཁ་བརྡ་སྣ་ཚོགས་བྱས་པ་བརྒྱུད“ཕུགས་བསམ”ཞེས་པའི་གླེང་གཞི་རྙིང་བ་འདིའི་སྒང་དུ་འབབ་དུས། ཁོ་ཚོ་མི་རེ་རེའི་བསམ་ཚུལ་གྱིས་ང་རང་ཧ་ལས་སུ་བཅུག་སོང་། ངའི་བསམ་པར་ཁོ་བ་ཚོའི་ཕུགས་འདུན་ནི་པེ་ཅིང་སློབ་ཆེན་དང་ཆིན་ཧྭ་སློབ་ཆེན་སོགས་ལ་རྒྱུགས་འཕྲོད་རྒྱུ་དེ་མིན་ནམ་སྙམ་མོད། ཡིན་ནའང་། ཁོ་ཚོའི་གྲས་སུ་དེ་ལྟར་བསམ་མཁན་གཅིག་ཀྱང་མ་བྱུང་།ཡུས་ཅེས་བརྩམས། མེ་སོན་གྱིས་བསྒྱུར།
བུ་མོ་ཞིག་གིས་མོའི་ཕུགས་བསམ་ནི་གློག་བརྙན་གྱི་ལས་རིགས་གཉེར་མཁན་ཞིག་བྱ་རྒྱུ་དེ་ཡིན་ཞིང་། གློག་བརྙན་གྱི་ལས་རིགས་དེ་ནི་ངེས་དོན་གྱི་རང་དབང་ལྡན་པ་ཞིག་སྟེ། ད་ཡོད་ཀྱི་གློག་བརྙན་སྒྲིག་བཟོ་དང་པར་སྐྲུན་གྱི་ལམ་ལུགས་ལ་མི་བསྟེན་ཞིང་། ཚོང་ལས་དང་འབྲེལ་བ་གང་ཡང་མེད་པ་ཞིག་ཡིན་པར་བཤད། ཁོ་མོ་སློབ་འབྲིང་སློབ་མཐར་ཕྱིན་རྗེས་ཨ་རིར་ཕྱིན་ཏེ། དུས་ཚོད་ཀྱི་ཕྱེད་ཀ་སློབ་གྲྭ་འགྲིམས་པར་སྤྱོད་རྒྱུ་དང་ཕྱེད་ཀ་ནི་འཛམ་གླིང་ལ་ལྗོངས་རྒྱུར་འགྲོ་བར་སྤྱོད་འདོད། ལུང་པ་གཞན་དུ་འགྲོ་དུས་རྡོག་ཁྲེས་ཆེན་པོ་གཅིག་ཁོ་ན་ལས་ཁྱེར་མི་འདོད་དེ། འགྲིམ་འགྲུལ་གྱི་ལམ་གླར་དངུལ་སྐར་གང་ཡང་གཏོང་མི་དགོས་པར། ལམ་བར་དུ་སེམས་བཟང་གི་མིའི་རླངས་འཁོར་དུ་བསྡད་ནས་ཤར་མར་ཕྱིན་ཆོག་ལ། མཚན་མོའི་དུས་སུ་ཆོས་ཁང་དུ་གནས་ཚང་གཡར་ནས་ཞག་འདུག་བྱས་པས་འཐུས་ཏེ། དེ་གར་ཅི་ནུས་ཀྱིས་ལས་ཀ་ལས་རོགས་རེ་བགྱིས་ཏེ་བཀའ་དྲིན་མཚོན་ཆོག་ཟེར།
ཁོ་མོར་ད་དུང་སྤྱིར་བཏང་གི་ཁྱིམ་སྤྱོད་བརྙན་ལེན་འཕྲུལ་ཆས་ཤིག་མཁོ་སྟེ། ལྗོངས་རྒྱུའི་ཁྲོད་ནས་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་དང་། ཆོས་ཁང་གི་གནམ་གཅལ་སྟེང་དུ་མངོན་པའི་ལྡེབས་རིས། ལམ་འགྲམ་གྱི་ཚར་དུ་དངར་བའི་རྒྱ་ལྕང་། འདུ་འགོད་རབ་ཏུ་འཁྲིགས་པའི་མི་ཚོགས་ཀྱི་རྣམ་པ་པར་དུ་ལེན་པ་དང་། དེ་བཞིན་ཁེར་ཧྲེང་དུ་ཀྲོང་ངེར་འགྱིང་པའི་ཞིང་གྲོང་གི་ཁང་བུ་ཡག་མོ་དག་པར་དུ་ལེན་དགོས་ཤིང་། གོ་རིམ་དེའི་ཁྲོད་ནས་གྲོགས་པོ་སྣ་ཚོགས་ངོ་ཤེས་དགོས་ལ། ཟས་རིགས་འདྲ་མིན་སྣ་ཚོགས་ཀྱི་བྲོ་བའང་མྱོང་དགོས།
ཁོ་མོ་ནི་ཁ་ལུའུ་ཡ་ཁེས(凯鲁阿克)བརྩམས་པའི《ལམ་བར་དུ》ཞེས་པའི་དེབ་དེ་ཀློག་པར་མོས་པ་ལས། སན་མའོ(三毛)དང་ཡུ་ཅིན(尤金)གཉིས་ཀྱིས་བྲིས་པའི་ཡུལ་སྐོར་ཟིན་ཐོ་ལ་མི་དགའ་སྟེ། ཁོ་གཉིས་པོའི་ཡུལ་སྐོར་ཟིན་ཐོ་ནི་རྟ་རྒྱུགས་ཀྱི་ཞོར་དུ་མེ་ཏོག་ལ་བལྟས་པ་ཙམ་དུ་ཟད་དེ། ཁོ་ཚོས་མཐོང་བ་ནི་འཚོ་བའི་ཕྱི་ཤུན་གྱི་རི་མོ་ཙམ་དང་། མོ་རང་ཉིད་ཀྱིས་འཚོལ་འདོད་པ་ནི་གཏིང་མཐའ་མེད་པའི་འཚོ་བའི་བདེན་པ་ཡིན་ཚུལ་བཤད། ཁོ་མོས་ལོ་བཞི་བཅུའི་སྔོན་ལ་གཉེན་སྒྲིག་བྱ་མི་འདོད། དེ་ལྟར་བྱས་ཚེ་ཁྱིམ་ཚང་གིས་འགོག་རྐྱེན་ཐེབས་མི་སྲིད་པར། རང་ཉིད་མོས་པའི་ལས་ལ་བློ་སེམས་རྩེ་གཅིག་གིས་འཇུག་ཆོག དེ་འདྲ་ཡིན་ཚེ་ཁོ་བོ་ནི་རང་ཉིད་ཁོ་ནའི་དོན་དུ་འཚོ་ཆོག་ཟེར།
བུ་མོ་དེའི་ཨ་མ་ནི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཁྲབ་ཁྲིད་པ་ཞིག་ཡིན་པར་གོ་ལ། སྒྲིག་གཞིའི་དེའི་ཁྲོད་ནས་གཟབ་ནན་གྱིས་ལས་ཀ་སྒྲུབ་པ་དང་ཁྱིམ་དུ་བུད་མེད་ཀྱི་འཚོ་བ་དངོས་མ་རོལ་མཁན་ཞིག་ཡིན་འདུག ཨ་མ་དང་བུ་མོ་གཉིས་ཀྱི་མི་ཚེ་ནི་གནམ་སའི་ཁྱད་པར་འདུག་པས། ངས་ནི་བུ་མོ་དེ་ལ། “ཨ་མས་ཁྱེད་ཀྱི་བསམ་ཚུལ་དེ་ཤེས་ཀྱི་ཡོད་དམ། ཁོ་མོས་གནས་ཚུལ་དེ་དག་རྟོགས་རྗེས་ཁྱེད་ཀྱི་ཕུགས་བསམ་འདིའི་ཐད་ལ་རྒྱབ་སྐྱོར་བྱེད་སྲིད་དམ”ཞེས་དྲིས་པར། བུ་མོ་དེས་གཡོ་ཟོལ་གྱིས་ཁེངས་པའི་བཅོས་འཛུམ་ཞིག་བསྟན་རྗེས། ཅི་མི་སྙམ་པར“ངས་ཁོ་མོར་བཤད་མེད། ཡིན་ནའང་ང་རང་གཤོག་རྩལ་རྒྱས་པའི་དུས་ཚོད་དེར་སླེབས་ཚེ། ཨ་མས་ང་རང་བཀག་འགོག་བྱེད་བསམ་ཡང་ནུས་པས་མི་ལྕོགས་པས་ང་རང་འཕུར་དུ་མི་འཇུག་ཅི་ལ་སྲིད་ཨང”ཟེར།
དེའི་ཁྲོད་ཀྱི་གཞོན་ནུ་ཞིག་གིས་ང་ལ་བཤད་དོན། ཁོའི་ཕུགས་བསམ་ནི་སློབ་ཆེན་འགྲིམས་དུས་གསོ་རིག་ཆེད་ལས་ལ་སྦྱངས་བ་བྱ་རྒྱུ་དེ་ཡིན་ལ། སློབ་ཆེན་མཐར་ཕྱིན་རྗེས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་སྐྱོ་བོ་རུ་ཝང་ཏར་འགྲོ་འདོད། རྒྱལ་ཁབ་དེ་ལ་འགྲོ་འདོད་པ་ནི་ཚོང་དང་ཁེ་སྤོགས་ཀྱི་དོན་དུ་མིན་པར། རང་ལ་དབང་ཞིང་རིན་མེད་དུ་ཞབས་ཞུ་སྒྲུབ་པའི་ཕན་བདེ་སྨན་ཁང་ཞིག་འཛུགས་རྒྱུ་དེ་ཡིན་ཟེར། ཁོ་བོ་ཧང་སངས་ཏེ་ཁྱེད་ཀྱིས་ཏག་ཏག་རུ་ཝང་ཏ་འདེམས་དགོས་པའི་རྒྱུ་མཚན་གང་ཡིན་ཞེས་དྲིས་པ་ལ། ཁོས་ཚམ་ཚོམ་མེད་པར་བརྙན་འཕྲིན་དང་དྲྭ་བ་ལས་རུ་ཝང་ཏར་ནང་འཁྲུག་འབྱུང་བའི་གནས་ཚུལ་སྐོར་མང་དུ་མཐོང་མྱོང་། ས་དེའི་ཕྲུ་གུ་རྣམས་མུ་གེ་དང་རིམས་ནད་ཀྱིས་རྐྱེན་པས་ཤ་ཧ་ཅང་སྐམ་རིད་དུ་གྱུར་ཏེ་རྟེན་ས་ཁེན་ས་མེད་པར་མྱ་ངན་ཐང་ན་འཆི་བར་ངང་སྒུག་བྱེད་བཞིན་པའི་ངང་ཚུལ་དེ་སྐྱོ་བོ་མཐོང་བས་ཡིན།
བཀྲེས་ལྟོགས་ཀྱིས་མནར་ཏེ་ཚེ་སྲོག་ཤོར་ལ་ཉེ་བའི་ཕྲུ་གུ་ཚོས་མིག་ཟུང་རིག་རིག་གིས་ར་རིས་སྦགས་པའི་ནམ་མཁར་ཅེར་ཡོད་པ་མཐོང་དུས་ཁོ་བོའི་སེམས་སྐྱ་མོ་ཐང་དུ་ལྷུང་འགྲོ། ཁོ་བོས་རྟག་པར་ཐན་སྐམ་དུ་གྱུར་བའི་ཡུལ་དེའི་མི་རྒྱུད་ནག་པོའི་ཕྲུ་གུ་ཚོ་དང་མཉམ་དུ་གཞས་གཏོང་བ་དང་བྲོ་འཁྲབ་བཞིན་པའི་ཚུལ་རྨི་ལམ་དུ་འཁོར་འོང་ཟེར། ཁོས་ད་དུང་སྤྱི་ལོ1999ལོའི་ནོ་པེལ་ཞིི་བདེའི་གཟེངས་རྟགས་ཐོབ་པའི“སྨན་པར་རྒྱལ་མཚམས་མེད”ཅེས་པའི་རྩ་འཛུགས་ནང་དུ་རྒྱལ་ཁབ་སོ་སོ་ནས་ཡོང་བའི་སྨན་པ་ཡོད་དེ། ཁོ་ཚོས་ཕུགས་བསམ་ཁོ་ནས་སླད་དུ་ཟོལ་མེད་རྣམ་དག་གིས་རང་ཉིད་ཀྱི་མི་ཚེ་གང་བོ་ཡུལ་དེར་ཕུལ་ཡོད་པ་ངས་རྟོགས་ཡོད་ཟེར། ཁོས་རང་ཉིད་ཀྱང་སྨན་པ་དེ་དག་དང་འདྲ་བར་ཆེས་དབུལ་ཕོངས་དང་ཆེས་ཉེན་ཁ་ཆེ་བའི་གནས་སུ་ཉེ་བར་བཅར་འདོད། མི་གཅིག་གི་སྲོག་སྐྱོབ་ཐུབ་པ་བྱུང་ཚེ། དེ་ནི་ཁོའི་ཚེ་འདིའི་ཆེས་སྤྲོ་སྐྱིད་ཀྱིས་ཁེངས་པའི་ལས་དེ་ཡིན”པར་སྨྲ། ཁོས་ཕུགས་བསམ་སྐོར་ལྷུག་བརྗོད་བྱས་པས་ང་རང་སེམས་འགུལ་ཚད་མེད་ཐེབས་བྱུང་ལ། དབང་མེད་དུ་རླབས་ཆེན་གྱི་དགེ་སྦྱོང་མ་ཐུ་ལིི་སཱ(特里莎)དྲན་ཏུ་བཅུག་བྱུང་།
ཚེ་གང་པོར་དབུལ་ཕོངས་ལ་ཞབས་འདེགས་ཞུ་བའི་བུ་མོ་ཐུ་ལི་སཱ་ཡིས“མི་རྣམས་ནི་སྒེར་སེམས་འབའ་ཞིག་ཆེད་དུ་རྔམ་དྲགས་པས་གཞན་གྱི་ཡིད་ཆེས་ཤོར་སོང་བ་རེད། དོན་དམ་པའི་ཡིད་ཆེས་ལ་ང་ཚོའི་བརྩེ་སེམས་ཀྱི་སྦྱིན་གཏོང་མཁོ་བ་ཡིན། བརྩེ་སེམས་ངོ་མ་ཞིག་ཡོད་ན། ད་གཟོད་ང་ཚོའི་བརྩེ་སེམས་དེས་གཞན་ལ་ཕན་ཐོགས་པ་ཡིན། བརྩེ་སེམས་ཀྱིས་ཡིད་ཆེས་སྐྱོང་ཞིང་། ཡིད་ཆེས་དང་བརྩེ་བ་ནི་ནམ་ཡང་འབྲལ་དུ་མེད་པ་ཡིན”གསུངས། བྱིས་པ་ནི་བརྩེ་སེམས་དང་ཆེས་ཉེ་བར་བཅར་ཡོད་པས། མི་ཚང་མས་བྱིས་དུས་ཀྱི་བརྩེ་སེམས་དེ་འདྲ་འཆང་ཐུབ་ན་ཅི་མ་རུང་ཨང་།
བྱིས་པ་ཚོའི་ཕུགས་བསམ་ནི་དེ་ཙམ་གྱི་ག་ལ་ཚད་དེ། ལ་ལ་ནི་གཞས་གཏོང་མཁན་ཞིག་བྱ་རྒྱུ་དང་། ཁ་ཅིག་ནི་གྲོང་གསེབ་ཏུ་ལོག་ནས་ཤིང་ཏོག་འདེབས་འཛུགས་བྱ་རྒྱུ་ཡིན་ཟེར་བ་དང་། ལ་ལས་དུག་སྦྲུལ་ལ་ཞིབ་འཇུག་བྱེད་འདོད་ཚུལ་བརྗོད་ཅིང་། ལ་ལས་སློབ་གྲྭ་ཆེན་མོ་ཞིག་འཛུགས་འདོད་ཅེས་པ་དེའོ།། དེ་འདྲའི་མཚར་སྡུག་བཀྲ་བའི་ཕུགས་བསམ་གྱི་ལྟེབས་ཁུགས་ནས་བྱིས་པ་ཚོའི་གཤིས་ཀའང་ཞར་ལ་རྟོགས་ཐུབ།
བསམ་ཡུལ་ལས་འདས་པ་ཞིག་ལ། ཁོ་ཚོའི་ཁྲོད་ནས་བྱིས་པ་གཅིག་གིས་ཀྱང་རང་ཉིད་ཀྱི་ཕ་མ་ལྟར་ཐོག་ཁང་ཞིག་ནས་གཏན་ཆགས་སྒོས་ལས་ཀ་སྣ་གཅིག་བསྒྲུབ་འདོད་མཁན་གཅིག་ཀྱང་མ་བྱུང་། གལ་སྲིད་བྱིས་པའི་ནང་སེམས་ཀྱི་འཇིག་རྟེན་མཐོང་འདོད་ཚེ། ཕ་མས་ཅིས་ཀྱང་འདྲ་མཉམ་དང་བསམ་པ་རྣམ་དག་གིས་རྣམ་འགྱུར་འཛིན་དགོས་པ་ཡིན། ཕ་མས་རྟག་པར་བྱིས་པར་མཐོང་ཆུང་བྱས་ཏེ། ཕྲུ་གུ་ནི་ལོ་ན་ཕྲ་བ་དང་། བསམ་བློ་ནར་སོན་མེད་པར་བརྗོད་མོད། དོན་དམ་དུ་བསམ་བློ་ནར་སོན་པ་དང་སྨིན་པ་ནི་ག་འདྲ་ཞིག་ཡིན་ནམ། དོན་དམ་གྱི་བསམ་བློ་ནར་སོན་པ་དང་སྨིན་པའི་རྟགས་ནི་ཁེ་ཕན་འབའ་ཞིག་གི་ཆེད་དུ་རང་ཉིད་ཀྱི་རེ་བའི་རྨི་ལམ་ཐམས་ཅད་ཆུ་ལ་བསྐུར་རྒྱུ་དེ་ཡིན་ནམ། ཁོ་བོར་མཁོ་བ་ནི་དེ་འདྲའི་བསམ་བློའི་ནར་སོན་དེ་མ་ཡིན་ནོ།།
ངས་ནི་བྱིས་པ་ཚོའི་རེ་སྨོན་གྱིས་ཁེངས་པའི་བློ་སྟོབས་འདི་ལ་བརྩི་བཀུར་བྱེད་པར་མ་ཟད། ཁོ་བ་ཚོའི་རེ་སྨོན་གྱིས་ཁེངས་པའི་རྨི་ལམ་དེ་འདྲ་ཞིག་རྨིས་ཆོག་པའི་རང་དབང་ལའང་ཡིད་སྨོན་སྐྱེས་འོང་། འབྱུང་འགྱུར་ཁོ་ཚོའི་ཁྲོད་ནས་ཕུགས་བསམ་དེ་འདྲ་མངོན་འགྱུར་བྱེད་ཐུབ་མཁན་ནི་ཉུང་ཤས་ཙམ་ལས་ཡོད་མི་སྲིད་ཅིང་། ཁོ་ཚོའི་ཁྲོད་ཀྱི་ཕལ་ཆེ་བ་ནི་གཞུང་ལས་ཁང་ནས་ཉི་མ་འཁྱོལ་ཐབས་དང་། སྤྲོ་སྣང་མེད་པའི་ལས་ཀ་ཙག་ཙིག་ཁྲོད་ནས་དུས་འདའ་བར་བྱེད་མཁན་དུ་འགྱུར་སྲིད་པ་ངས་གསལ་བོར་རྟོགས་ནའང་། ཆུང་དུས་སུ་ཕུགས་བསམ་ཡོད་པ་ནི་ཤིན་ཏུ་ལེགས་པར་མཐོང་ངོ་།།
ཨ་རིའི་སློབ་གསོ་བ་མཁས་ཅན་པའོ་ཡེ(博耶)ལགས་ཀྱི་རང་གི་བྱིས་པའི་འདས་དོན་སྐོར་འདི་ལྟར་བརྗོད་འདུག་སྟེ། ལོ་ངོ་སུམ་ཅུའི་སྔ་རོལ་དུ། སློབ་གྲྭས་ཁོང་དང་ཆུང་མ་གཉིས་བོས་ཏེ། ཁྱོད་ཀྱི་བྱིས་པའི་རྒྱུགས་འབྲས་ཤིན་ཏུ་ཞན་པས་དམིགས་བསལ་ཅན་གྱི་སློབ་མར་ཆགས་འདུག་ཟེར། ཐེངས་ཤིག་རྒྱུགས་ཆུང་བླངས་པ་ལ་དགེ་རྒན་གྱིས་བྱིས་པའི་རྒྱུགས་ཤོག་སྟེང“ཁོ་ནི་ཕུགས་བསམ་གྱི་རྨི་ལམ་རྨི་མཁན་ཞིག་རེད”ཅེས་དཔྱད་གཏམ་ཞིག་བྲིས་འདུག ཚུལ་འདི་མཐོང་བས་པའོ་ཡེ་དབང་མེད་དུ་དགོད་ཁ་ཤོར་སོང་། ཁོང་གིས་སྔ་ས་ནས་རང་ཉིད་ཀྱི་བྱིས་པ་ནི་ཕུགས་བསམ་གྱི་སྐོར་ལ་རྨི་ལམ་རྨི་རྒྱུར་དགའ་མཁན་ཞིག་ཡིན་པ་རྟོགས་ཡོད་ཅིང་། ནམ་རྒྱུན་སྐར་མ་དང་ཟླ་བ་རྨི་ལམ་དུ་འཁོར་བ་དང་། ཧ་ཅང་རྒྱང་ཐག་རིང་བའི་དོན་ལ་རྨི་ལམ་རྨི་ཞིང་སྟོང་འདང་བྱེད། ཐ་ན་རྨི་ལམ་དང་སྟོང་འདང་གི་ཁྲོད་ནས་སློབ་གྲྭ་དང་གྱེས་པའི་ཐབས་འཚོལ་བར་རེ། ཡིན་ནའང་པའོ་ཡེ་ལགས་ཀྱིས་རང་ཉིད་ཀྱི་བྱིས་པ་ནི་ཀུན་ཤེས་ཁྱེའུ་ཞིག་ཡིན་པར་ཡིད་ཆེས་ཀྱིས་བརྟས་ཡོད་ཅིང་། ཏག་ཏག་བྱིས་པའི་རིག་སྟོབས་དེ་སློབ་གྲྭའི་རྒྱུན་ཆགས་ཀྱི་བྱེད་སྒོ་དང་རྒྱུགས་གཞིིར་མ་འཚམ་པ་ཙམ་དུ་འདོད་པ་རེད།
དེར་བརྟེན་པའོ་ཡེ་ལགས་ཀྱིས་རང་ཉིད་ཀྱི་ཐབས་ཤེས་སྤྱད་ནས་བྱིས་པའི་ཕུགས་བསམ་མངོན་འགྱུར་བྱེད་པར་འབད་པ་བྱས་པ་སྟེ། ཁོས་ཀྲན་མུའུ་སི་ཨའེ་ཅེའི་ལགས་ཀྱིས་གསུངས་པའི་ཚིག་ཅིག་སྟེ།“ཁོར་ཡུག་ག་འདྲ་ཞིག་ཏུའང་། མིའི་རིགས་ཀྱི་སྦས་ཤུགས་དེ་བྱིས་པ་རེ་རེ་སྐྱེས་ཙམ་ནས་མངོན་སྲིད”པར་འདོད་པའི་ལྟ་ཚུལ་ལ་ཡིད་རྟོན་བྱས་པ་རེེད། ཕྱིས་སུ་བྱིས་པ་དེ་ནར་སོན་རྗེས་དངོས་འབྲེལ་ཕུལ་དུ་བྱུང་བའི་མི་སྣ་ཞིག་ཏུ་གྱུར་སོང་།
ཕུགས་བསམ་མེད་པའི་བྱིས་དུས་ནི་དོན་དམ་གྱི་བྱིས་དུས་ཤིག་མ་ཡིན་ལ། ཕུགས་བསམ་མེད་པའི་མི་ཚེ་ནི་དོན་ལྡན་སྐྱེལ་རུང་གི་མི་ཚེ་ཞིག་མ་ཡིན། ཡིན་ནའང་ཕུགས་བསམ་ལ་མཁོ་བ་ནི་བློ་སྤོབས་ཀྱི་སྐྱོར་མ་ཡིན། འོ་ན་ང་ཚོ་ལ་ད་དུང་ཕུགས་བསམ་གྱི་བློ་སྤོབས་ཤིག་ཤུལ་དུ་ལྷག་ཡོད་དམ།
2017ལོའི་ཟླ5པའི་ཚེས3ཉིན་བསྒྱུར་ཏེ་གྲུབ།
འབྲེལ་ཡོད་འོས་སྦྱོར།