མཚོ་སྔོན་པོ་དྲ་བས་བོད་རབ་གནས་མེ་མོ་བྱ་ལོའི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།
རྩོམ་པ་པོ།:མི་ཆུང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-01-25
ཀློག་གྲངས།:
༄༅། །བཀྲ་ཤིས་གནམ་ལ་ཉི་ཟླ་སྐར་གསུམ་འཛོམས། །
བདེ་ལེགས་ས་ལ་ལོ་ཕྱུགས་རྒྱུ་གཡང་རྒྱས། །
ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་རབ་ཕྱུག་པའི། །
བོད་ཁམས་ཡོངས་ལ་བདེ་སྐྱིད་ཕྱྭ་གཡང་སྩོལ། །
བོད་རབ་བྱུང་བཅུ་བདུན་པའི་རབ་གནས་མེ་མོ་བྱ་ལོའི་གནམ་ལོ་གསར་ཚེས་ཀྱི་གསུང་སྐད་ཐོག་མ་སྒྲོག་ལ་ཉེ་བའི་བཀྲ་ཤིས་དུས་བཟང་གི་དབུ་མ་འདིར། ངེད་མཚོ་སྔོན་པོ་དྲ་བའི་ལས་མི་ཡོངས་ཀྱིས་གོ་ལ་ཟླུམ་པོའི་འགྲོ་བ་ཡོངས་དང་སྒོས་སུ་རྒྱལ་ཁབ་ཕྱི་ནང་ཀུན་ན་ཡོད་པའི་རིགས་མཐུན་སྤུན་ཟླ་ཡོངས་ལ་འཛམ་གླིང་ཞི་བདེའི་ཉི་ཟེར་སྲིད་ལ་འཕྲོས་ཤིང་བདེ་སྐྱིད་དཔལ་གྱི་དྲོད་ཁོལ་རབ་ཏུ་རྒྱས་པ། སྐུ་ལུས་རི་རྒྱལ་ལྷུན་པོ་རྟག་ཏུ་བརྟན་ཅིང་ནང་མི་གཡུ་ཡི་མཚོ་མོ་གཡས་སུ་འཁྱིལ་བ། བསམ་དོན་གཙང་ཆབ་རིང་མོ་ངང་གིས་འགྲུབ་པའི་བཀྲ་ཤིས་ཁ་གཡང་སྙིང་ནས་ཞུ།
མཚོ་སྔོན་པོ་དྲ་བ་ནི་རིག་གནས་ཀུན་འཛོམས་ཀྱི་སྡིངས་ཀ་ཡག་ཤོས་ཤིག་སྟེ། མདོ་དབུས་ཁམས་གསུམ་གྱི་ཆབ་སྲིད་དང་རིག་གནས། དཔལ་འབྱོར་སོགས་གསར་འགྱུར་ཆ་ཤོས་དག་དྲ་ལམ་བརྒྱུད་ནས་ཀུན་གྱི་སྤྱན་སྔར་བསྟར་བའི་སྟེགས་བུ་ཞིག་ཡིན། ཀྱག་ཀྱོག་གི་ལོ་ངོ་དགུའི་རིང་ལ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཐུས་ཚང་། འཐུས་ཚང་ནས་ཁྱད་ལྡན་སྒེར་གཤིས་ཀྱི་ལམ་དུ་བསྐྱོད་དེ། དྲ་བའི་ཇུས་འགོད་དང་སྒྲིག་གཞི། ལེ་ཚན། བརྗོད་བྱ་སོགས་གང་ཅིའི་ཐད་ནས་མི་རིགས་ཀྱི་ཁྱད་ཆོས་ལ་མངོན་པར་ཕྱོགས་ཤིང་དེང་གི་དུས་རབས་ཀྱི་ལེགས་ཆ་དང་དུ་བླངས་ཏེ། ཆ་འཕྲིན་དུས་རབས་ཀྱི་མི་རྣམས་ལ་དགོས་ངེས་ཀྱི་འདོད་བློ་སྐོང་བར་ནུས་པ་གང་ལེགས་འདོན་བཞིན་ཡོད།ལྷག་དོན་ད་ལོར་ཀུན་ལ་གླེང་རིན་ཡོད་པའི་གཏམ་བཟང་ཞིག་ཞུ་རྒྱུ་ནི་ངེད་ལས་ཁུངས་ཀྱིས2013ལོ་ནས་དཀའ་བ་བརྒྱ་ཕྲག་ཁྱད་དུ་སེལ་ཏེ་སྒྲུབ་བཞིན་པའི་བོད་ཡིག་གི་འཚོལ་བཤེར་མ་ལག་ཐོག་མ་སྟེ། ཡོངས་འཛིན་འདི་ཉིད2016ལོའི་སྤྱི་ཟླ8པའི་ཚེས22ཉིན་དངོས་སུ་ཤར་གཏོང་བྱས་པས། འཛམ་གླིང་གི་ཡུལ་གྲུ་སོ་སོ་དང་རྒྱལ་ནང་གི་བོད་ཀྱི་རིག་གནས་ལ་འཇུག་པའི་དྲ་དམངས་ཀུན་ལ་འཚོལ་བཤེར་གྱི་སྡིངས་ཆ་ལེགས་པོ་ཞིག་བསྐྲུན་པས། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་རྣམས་ཀྱིས་འདི་ལ་དོ་ཁུར་དང་གདེང་འཇོག བསྔགས་བརྗོད་མི་དམན་གནང་དང་གནང་བཞིན་ཡོད། ང་ཚོས་མུ་མཐུད་ནས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། བོད་ཀྱི་རིག་གནས་འདི་ཉིད་ཆ་འཕྲིན་ཅན་དང་གྲངས་འཛིན་ཅན་དུ་གཏོང་བའི་ལས་ལ་འབད་པས་གཞོལ་ཏེ། མ་ལག་གསར་སྤེལ་དང་ནུས་པ་ཀུན་འཛོམས། དམངས་ཕན་སྤྱོད་བདེ་ཡི་ཞབས་འདེགས་བཟང་པོ་ཞུ་བར་དུས་དང་རྣམ་པ་ཀུན་ཏུ་ནུས་པ་འདོན་བཞིན་ཡོད། རྣམ་ཀུན་ང་ཚོ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ལྷན་རྒྱས་ནས་ཀྱང་མུ་མཐུད་ནས་དགོངས་འཆར་དང་བཀའ་སློབ་གནང་རྒྱུར་བཀའ་དྲིན་ཐུགས་རྗེ་ཞུ་ཡི་ཡོད།
འབྲེལ་ཡོད་འོས་སྦྱོར།