དགེ་བའི་བཤེས་གཉེན་དམ་པ་གུ་རུ་རྒྱལ་དང་བློན་ཕྲུག་གནམ་ལྷ་རྒྱལ་ཟུང་ལ་རྗེས་དྲན་ཞུ་བའི་ཚོགས་འདུ་བསྡུས་པ།
དགེ་བའི་བཤེས་གཉེན་དམ་པ་གུ་རུ་རྒྱལ་དང་བློན་ཕྲུག་གནམ་ལྷ་རྒྱལ་ཟུང་ལ་རྗེས་དྲན་ཞུ་བའི་ཚོགས་འདུ་བསྡུས།
དགེ་བའི་བཤེས་གཉེན་དམ་པ་གུ་རུ་རྒྱལ་དང་བློན་ཕྲུག་གནམ་ལྷ་རྒྱལ་རྣམ་གཉིས།
མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཅོད་པ་དོན་འགྲུབ་ཀྱིས་ཁ་བཏགས་འབུལ་བཞིན་པ།
མིང་གྲགས་ཅན་གྱི་མཁས་པ་གཉའ་ཟླ་བ་བློ་གྲོས་ཀྱིས་ཁ་བཏགས་འབུལ་བཞིན་པ།
ཚོགས་རའི་ཡུལ་དངོས།
ཐེངས་འདིའི་རྗེས་དྲན་ཚོགས་འདུར་ཕེབས་པའི་མི་སྣ་དག་མཉམ་དུ་པར་བསྐྱོན་པ།
སྤྱི་ཟླ4པའི་ཚེས16ཉིན་གྱི་ཞོགས་པའི་ཆུ་ཚོད8:30སྟེང་། དགེ་བའི་བཤེས་གཉེན་དམ་པ་གུ་རུ་རྒྱལ་དང་བློན་ཕྲུག་གནམ་ལྷ་རྒྱལ་ཟུང་ལ་རྗེས་དྲན་ཞུ་བའི་ཚོགས་འདུ་དེ་ཟི་ལིང་ཞོ་ཐོ་མགྲོན་ཁང་གི་ཚོགས་ཁང་ཆེན་མོར་བསྡུས།
སྔ་དྲོའི་ཆུ་ཚོད་བདུན་ཡས་མས་སུ། བོད་ལྭ་སོགས་གྱོན་པའི་མི་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་ཞོ་ཐོ་མགྲོན་ཁང་གི་སྒོར་འདུས་ཤིང་། དེ་ནས་རེ་རེ་བཞིན་ཚོགས་ཁང་ཆེན་མོར་ཤར་བསྐྱོད་བྱེད་བཞིན་འདུག ཆུ་ཚོད་བརྒྱད་ཡས་མས་སུ་ཚོགས་རའི་ཡུལ་དངོས་ཆེད་དུ་རྗེས་དྲན་ཞུ་རུ་ཕེབས་པ་དག་གིས་ཁེངས་ཤིང་། ཁོ་ཚོ་ནི་རྒན་ཁོང་རྣམ་པ་གཉིས་ཀྱི་སློབ་གྲོགས་སུ་གྱུར་བ་དང་། དགེ་གྲོགས་སུ་གྱུར་བ། གྲོགས་སུ་གྱུར་བ། སློབ་མར་གྱུར་བ། ཤ་ཉེ་རུ་གྱུར་བ། དེ་བཞིན་ཁོང་གཉིས་ཀྱི་བཀའ་དྲིན་དང་ཡོན་ཏན་དྲན་ནས་ཆེད་དུ་རྗེས་དྲན་དུ་ཕེབས་པ་སོགས་མི་གྲངས200ཉེ་བ་ཙམ་དེ་རིང་གི་རྗེས་དྲན་ཚོགས་འདུར་ཞུགས་ཡོད། ཁོང་གཉིས་ནི་དེ་སྔ་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་ཕྱག་ལས་གནང་མྱོང་ལ། བོད་ཀྱི་སློབ་གསོའི་ལས་དོན་ཐད་ལ་རང་གི་མི་ཚེ་གང་བོ་ཕངས་མེད་དུ་ཕུལ་ནས། བོད་ཀྱི་རིག་གཞུང་ཁྲིད་སྟོན་དང་ཞིབ་འཇུག་ལ་བྱས་རྗེས་བླ་མེད་བཞག་མྱོང་བའི་སྐྱེས་ཆེན་གཉིས་རེད།
མདོ་འཛིན་པ་ཚེ་མགོན་གྱིས་ཚོགས་འདུར་མདོ་འཛིན་བྱས་ཤིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་རྨེ་རུ་ཡུལ་ལྷ་ཐར་གྱིས་རྒན་གུ་རུ་རྒྱལ་ལགས་ཀྱི་མི་ཚེའི་བརྒྱུད་རིམ་དང་བཅས། ཐོག་མའི་རིག་གནས་སྦྱངས་ཚུལ་དང་དགེ་རྒན་གྱི་འགན་ཇི་ལྟར་བཞེས་ཚུལ། དེ་ནས་བོད་ཀྱི་སློབ་གསོའི་ཐད་ལ་བྱས་རྗེས་ཇི་ལྟར་བཞག་ཚུལ་སོགས་ངོ་སྤྲོད་རགས་ཙམ་བྱས་ལ། དེར་མཐུད་ནས་རྡོ་དཀར་ཚེ་དཔལ་སྟོབས་ལྡན་གྱིས་རྒན་གནམ་ལྷ་རྒྱལ་གྱི་མི་ཚེའི་ལོ་རྒྱུས་ཐུང་ངུར་བྱས་ཏེ་ངོ་སྤྲོད་མཛད། དེ་ནས་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཅོད་པ་དོན་གྲུབ་ལགས་ཀྱིས་ཁོང་རྣམ་གཉིས་ལ་དྲན་རྟེན་དུ་བྲིས་པའི་ཚིགས་བཅད་ཤོ་ལོ་ཀ་འགའ་དང་སྦྲགས་ཏེ། ཁོང་རྣམ་པ་གཉིས་ཀྱི་སློབ་གསོའི་བྱ་གཞག་ཆེད་དུ་ཇི་ལྟར་བྱས་རྗེས་བཞག་པ་དང་། དེ་བཞིན་ཁོང་གཉིས་ཀྱི་བཀུར་བར་འོས་པའི་བླ་མེད་ཀྱི་མི་གཤིས་ཀྱང་གསུངས་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྒན་མཁའ་འབུམ་ལགས་ཀྱིས་ཁོང་གཉིས་ཇི་ལྟར་ངོ་ཤེས་ཚུལ་དང་། གྲོགས་སུ་ཇི་ལྟར་གྱུར་བ། མཐའ་མར་སེམས་སྲོག་གཅིག་ཏུ་ཇི་ལྟར་འབྲེལ་བའི་ཚུལ་གསུངས་ཏེ། གལ་ཏེ་རྒན་དམ་པ་གུ་རུ་རྒྱལ་མེད་ཚེ་མཚོ་སྔོན་གྱི་བོད་ཀྱི་སློབ་གསོར་ཆགས་འཇིག་ག་འདྲ་ཞིག་འོངས་སྲིད་པ་དང་། ཁོང་ཡོད་པ་ནས་མཚོ་སྔོན་གྱི་བོད་ཀྱི་སློབ་གསོ་ཡར་ངོའི་ཟླ་ལྟར་འཕེལ་བའི་སྐོར་གསུངས་ནས་སྤྱན་ཆབ་ཀྱང་ལན་མང་དུ་བསིལ་བྱུང་ལ། དེར་འབྲེལ་རྒན་གནམ་ལྷ་རྒྱལ་ནི་རིགས་ལ་ཞེན་ཞིང་། བོད་རིགས་ཀྱི་སློབ་གསོའི་ཐད་ལ་འབད་འབུངས་བྱས་ཚུལ་སོགས་ཀྱང་ལྷུག་ལྷུག་ཏུ་གསུངས་བྱུང་། དེ་ནས་གཉའ་ཟླ་བ་བློ་གྲོས་ཀྱིས་དགེ་རྒན་དང་ཕ་མའི་དྲིན་དྲན་པ་དང་། དྲིན་ཤེས་པ་ནི་བོད་མི་རིགས་ཀྱི་རིག་གནས་གལ་ཆེན་ཞིག་ཡིན་པ་དང་། དེ་བཞིན་དྲིན་ལན་ཇི་ལྟར་འཇལ་བའི་སྐོར་གསུངས་དུས་ཁོང་གིས་ཁོང་གཉིས་ཀྱི་གཞོམ་གཞིག་བྲལ་བའི་ཐུགས་དགོངས་ཟབ་མོ་དང་། བློ་གཤོག་དཀྱེལ་ཡངས། རིགས་ཞེན་འདུ་ཤེས། མི་རིགས་སློབ་གསོ་སོགས་བསམ་བློ་དགོངས་པ་མངོན་པར་རྟོགས་ནས་ཁོང་གཉིས་དང་འདྲ་བར་མུ་མཐུད་ནས་བོད་མི་རིགས་སློབ་གསོའི་བྱ་གཞག་འདི་མ་ཉམས་གོང་འཕེལ་དུ་གཏོང་བའི་རྒྱུན་བསྐྱང་རྒྱུ་ནི། ཁོང་གཉིས་གྱི་དྲིན་དྲན་པ་དང་། དྲིན་ཤེས་པ། དྲིན་འཇལ་བ་ཡང་དག་ཡིན་པར་གསུངས། དེའི་རྗེས་ཁོང་གཉིས་ཀྱི་དགེ་གྲོགས་སུ་གྱུར་བ་གཅན་བཀྲ་བྷོ་དང་། སྐྱ་རེངས་དཔལ་ལོ། སྙན་བཟང་བ་དགེ་འདུན། རིན་ཆེན་ནོར་བུ། སྟག་རིག་རྟ་མགྲིན་རྒྱལ། གཟུངས་འབུམ་ཐར་བཅས་ཀྱིས་ཀྱང་རང་ཉིད་སྣང་ངོའི་སྐྱེས་ཆེན་གཉིས་ཀྱི་གཤིས་སྤྱོད་དང་། སྙིང་སྟོབས། བྱས་རྗེས་སོགས་གླེང་ཞིང་། ཁོང་རྣམ་པ་གཉིས་ཀྱི་སློབ་མར་གྱུར་བའི་ཚེ་རིང་བཀྲ་ཤིས་དང་། འབྲུག་ལྗང་གཉིས་ཀྱིས་ཀྱང་དགེ་བའི་བཤེས་གཉེན་དྲན་པའི་གདུང་བ་སྙན་ངག་གི་དབྱིངས་སུ་བཀླུབས་ནས་གྱེར་འདོན་བྱས།
མཇུག་མཐར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྒན་སྟོབས་ལྡན་ལགས་ཀྱིས་ཁོང་རྣམ་པ་གཉིས་ལ་རྗེས་དྲན་ཞུ་ཞོར་རྗེས་དྲན་ཚོགས་འདུའི་མཇུག་བསྡུའི་གཏམ་བཤད་གནང་སྟེ་ཚོགས་འདུའི་མཇུག་བསྒྲིལ།