༄༅།།༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་གེ་སར་རིག་གནས་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭ་ཡུལ་ཤུལ་ནས་བསྡུས་པ།
རྩོམ་པ་པོ།:ཆབ་འགག་ཇོ་རུ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-11-26
ཀློག་གྲངས།:
ཉེ་ཆར། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པ། ལྟེ་བའི་རིན་ཐང་ལྟ་བ ས་རིག་གནས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱས་ཏེ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ཡག་པོ་བྱེད་པ། མཚོ་སྔོན་རིག་གནས་ཀྱི་མཉེན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ནས༼༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་གེ་སར་རིག་གནས་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭ༽བསྡུས། ཡུལ་ཤུལ་ཁུལ་མངའ་ཁོངས་ནས་ཐོན་པའི་གེ་སར་སྒྲུང་པ། གེ་སར་ཟློས་གར་དང་གེ་སར་ཐང་ག་སོགས་ཀྱི་རྒྱུན་འཛིན་མི་སྣ། འབྲེལ་ཡོད་ཀྱི་འགན་ཁུར་པ་སོགས་མི་སྣ༣༢ལྷག་གསོ་སྦྱོང་འཛིན་གྲྭར་ཞུགས་པ་རེད།

གསོ་སྦྱོང་འཛིན་གྲྭའི་སྟེང་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་འགྱུར་མེད་རྡོ་རྗེ་དང་། ཞིབ་འཇུག་པ་བསོད་རྒྱལ་འབུམ། ས་གནས་ཀྱི་གེ་སར་རིག་པའི་ཤེས་ལྡན་མི་སྣ་ངག་དབང་དགེ་ལེགས། ཐུབ་བསྟན་འབྱུང་གནས། ཟླ་བ་གྲགས་པ་སོགས་དགེ་རྒན་རྣམ་པས་ཡུལ་ཤུལ་ཁུལ་གྱི་སྲོལ་རྒྱུན་རིག་གནས་ཀྱི་གནས་བབ་དང་མ་འོངས་པའི་མདུན་ལྗོངས། གེ་སར་སྒྲུང་གི་རིན་ཐང་དང་གེ་སར་སྒྲུང་པའི་འགན་ཁུར། གེ་སར་སྒྲུང་གི་དབྱངས་རྟ་རྒྱུན་འཛིན་དང་འཕེལ་རྒྱས་སོགས་ཀྱི་ཐད་ནས་སློབ་ཁྲིད་བྱས།
རྒྱུས་ལོན་པ་ལྟར་ན། གསོ་སྦྱོང་གི་སྐབས་སུ་གེ་སར་རིག་གནས་ཀྱི་རྒྱུན་འཛིན་དང་སྲུང་སྐྱོབ་སྐོར་ནས་བཞུགས་མོལ་བརྗེ་རེས་བྱས་ཤིང་། གེ་སར་སྒྲུང་པས་སྒྲུང་བཤད་འཁྲབ་སྟོན་སོགས་བྱས་ཏེ། གེ་སར་རིག་གནས་རྒྱུན་འཛིན་དང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་བྱ་བའི་སྤྲོ་སེམས་ཇེ་ཆེར་བཏང་པ་རེད།