logo

༄༅། །མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་བཟའ་བཏུང་གྲོན་ཆུང་སྐོར་གྱི་གཏམ་བཤད་འགྲན་བསྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:རིག་བུ་ཟླ་བྷེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-12-02 ཀློག་གྲངས།:
      རང་རྒྱལ་གྱི་སྲོལ་རྒྱུན་རིག་གནས་ཁྲོད་ན་བཟའ་བཏུང་ལ་གྲོན་ཆུང་བྱེད་པའི་སྲོལ་རྒྱུན་ལེགས་པོ་དེ་གནའ་ནས་ད་ལྟའི་བར་རྒྱུན་བསྐྱངས་ནས་དང་ལྷོད་གཏན་ནས་ཤོར་མ་མྱོང་ལ། རྒྱལ་ཁབ་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ“ཆུད་ཟོས་བཏང་ན་ངོ་ཚ་དང་། གྲོན་ཆུང་བྱས་ན་གཟི་བརྗིད་ཡིན”ཞེས་པའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ཡོད་པ་བཞིན་དུ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་སྤྱིར་སློབ་མ་རྣམས་ལ་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ལེགས་བཅོས་དང་། སྒོས་སུ་བཟའ་བཏུང་ཆུད་ཟོས་སུ་གཏོང་བ་གཏན་འགོག་དང་། མི་རང་ཉིད་དང་དུས་ད་ལྟ་ནས་མགོ་བརྩམས་ཏེ་བཟའ་བཏུང་གྲོན་ཆུང་གི་འདུ་ཤེས་ལེགས་པོ་ཞིག་ཆགས་སུ་འཇུག་སླད་སློབ་གྲྭའི་ཀུན་སྤྱོད་སློབ་གསོ་ཁྲུའུ་ཡིས་སྤྱི་ཟླ༡༢ཚེས༡ཉིན་གྱི་དགོང་དྲོར་སྙན་ཞུའི་ཚོམས་ཁང་ཆེན་མོ་རུ“གྲོན་ཆུང་བསྲི་ཚགས། སྤྱོད་བཟང་རྒྱུན་སྐྱོང”བརྗོད་དོན་བྱས་པའི་སློབ་མའི་གཏམ་བཤད་འགྲན་བསྡུར་གྱི་བྱ་འགུལ་གཟབ་རྒྱས་ངང་སྤེལ་ལ། དགེ་སློབ་ཆིག་སྟོང་ལྷག་བྱ་འགུལ་ལ་ཞུགས།
      ཐེངས་འདིའི་འགྲན་བསྡུར་དེ་ཐོག་མའི་འགྲན་བསྡུར་དང་བར་གྱི་བསྐྱར་འགྲན་བཅས་ཀྱི་རིམ་པ་བརྒྱུད་བརྗོད་བྱའི་དོན་ལ་གསོན་ཉམས་ལྡན་ཞིང་རྗོད་བྱེད་ཚིག་ལ་སྙན་ཆས་བྱུགས་པ། གཏམ་བཤད་ཀྱི་སྨྲ་ལྕེ་རྒོད་པའི་སློབ་བུ15མཐའ་མའི་རྟིང་རྩོད་འགྲན་བསྡུར་དུ་ཚུད། འགྲན་ཞུགས་སློབ་གྲོགས་རྣམས་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས《སྲོལ་རྒྱུན་རིག་གནས་དང་བཟའ་བཏུང་གྲོན་ཆུང》《གྲོན་ཆུང་ནི་སྤྱོད་བཟང་ཡིན》 《སློབ་གྲོགས་ལགས། ཁྱེད་ལ་གྲོན་ཆུང་གི་ཆོད་སེམས་བརྟན་པོ་ཨེ་ཡོད》ལ་སོགས་པ་བརྗོད་གཞིར་བཟུང་ཞིང་། རྒྱལ་ཁབ་ཕྱི་ནང་གི་མཁས་པའི་གསུང་ཚིག་ལུང་དུ་དྲངས་བས་བརྗོད་དོན་ལ་གནས་ལུགས་ཀྱིས་ཕྱུག་ཅིང་། དམངས་ཁྲོད་གཏམ་དཔེ་དང་སྦྱར་བས་རྗོད་བྱེད་ངོ་མཚར་བ། བསྐྱར་ཟློས་ཀྱི་སྐྱོན་གྱིས་མ་གོས་པས་སྒྲིག་གཞི་ཚགས་དམ་པ། རང་གི་ལྟ་ཚུལ་འདོན་པ་ལ་རིགས་ལམ་གསལ་ཞིང་མྱུར་བ། སློབ་གྲྭའི་ནང་གི་དངོས་བྱུང་དོན་དག་རྣམས་དཔེ་རུ་བཀོད་པས་བྱ་འགུལ་ལ་ཞུགས་པའི་སློབ་གྲོགས་ཡོངས་ལ་གོ་བསྐོན་བློ་འགུག་གི་སློབ་གསོའི་ནུས་པ་མི་དམན་པ་ཐོན།
      ཐེངས་འདིའི་འགྲན་བསྡུར་དུ་དགེ་སློབ་ཀུན་གྱི་དགའ་བསུའི་ཐལ་མོ་རྡེབ་སྒྲ་དང་བསྟོད་ཚིག་དབྱངས་སྙན་གྱིས་ཚོགས་རའི་ཡུལ་དངོས་ཁེངས་པར་བྱས་ཏེ་ཆུ་ཚོད་གཉིས་རིང་གི་འགྲན་བསྡུར་རྒྱལ་ཁའི་ངང་མཇུག་བསྡུས་ཤིང་། དགེ་རྒན་རྣམས་ཀྱིས་དྲང་བདེན་དང་དྲང་གཞག་གི་རྩ་དོན་གཞིར་བཟུང་ནས་དཔྱད་འདེམ་བྱས་པ་བརྒྱུད་སློབ་བུ་ལྷ་མོ་ཚེ་རིང་ལ་བྱ་དགའ་ཨང་དང་པོ་དང་། སློབ་བུ་རྡོ་རྗེ་སྐྱིད་སོགས་ལ་བྱ་དགའ་ཨང་གཉིས་པ་དང་གསུམ་སོགས་རིམ་པར་ཐོབ།
 
     ཐེངས་འདིའི་འགྲན་བསྡུར་གྱི་བྱ་འགུལ་འདིས་སློབ་རའི་རིག་གནས་འཛུགས་སྐྲུན་ལ་སྔ་ན་མེད་པའི་གསོན་ཤུགས་ཀྱིས་བརྟས་ཤིང་། ཀུན་སྤྱོད་སློབ་གསོ་འཕེལ་རྒྱས་ལ་ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་ཀྱི་ཚུལ་དུ་ནུས་པ་མི་དམན་ཐོན་པར་བྱས་ཡོད། 
འབྲེལ་ཡོད་འོས་སྦྱོར།