logo

༄༅།།ཁྲི་ཀ་རྫོང་སློབ་གསོ་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་རྟགས་མའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་དང་པོ་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-12-07 ཀློག་གྲངས།:
     
      ༢༠༢༠ལོའི་ཁྲི་ཀ་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་གལ་ཆེའི་རྟེན་གཞི་ལག་ལེན་མཐིལ་ཕྱིན་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱེད་པ། སློབ་རའི་རིག་གནས་སྒྱུ་རྩལ་མཐོར་འདེགས་བཅས་ལ་དམིགས་ཏེ། ཁྲི་ཀ་རྫོང་སློབ་གསོ་ཅུའུ་དང་ཁྲི་ཀ་རྫོང་ན་ཆུང་གཞོན་ནུ་བྱ་འགུལ་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་ཁྲི་ཀ་རྫོང་སློབ་གསོ་སྡེ་ཁག་གི་མི་རིགས་མཐུན་སྒྲིལ་རྟགས་མའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་དང་པོ་དེ་སྤྱི་ལོ༢༠༢༠ལོའི་ཟླ༡༢པའི་ཚེས༤ཉིན་གྱི་ཕྱི་དྲོར། ཁྲི་ཀ་རྫོང་རྨ་སྲིབ་སློབ་ཆུང་གི་སྐས་རིམ་ཚོམས་ཆེན་དུ་བསྡུས།
      ཐེངས་འདིའི་འགྲན་སྡུར་ལ་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་དང་། སྟོང་ཆེ་མི་རིགས་བཅའ་སྡོད་སློབ་ཆུང་། ལ་ཟེ་བ་མི་རིགས་བཅའ་སྡོད་སློབ་ཆུང་། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་ཆུང་དང་དམའ་འབྲིང་ཚན་སྐོར་གཉིས་བཅས་ཁྱོན་སྡོམ་སློབ་གྲྭ་བཞིའི་འགྲན་ཞུགས་རུ་ཁག་ཉེར་བཞི་རེབ་འདིའི་འགྲན་ཚོགས་ལ་ཞུགས། དུས་ཡུན་ཉིན་བཅུ་ལྷག་གི་རིང་དུ་སློབ་གྲྭ་སོ་སོའི་སློབ་གཙོས་མཐོང་ཆེན་བྱས་ཤིང་། སློབ་སྟོན་ཀྲུའུ་རིན་དང་བོད་ཡིག་དགེ་རྒན་རྣམ་པས་མཛུབ་སྟོན་གང་ལེགས་བགྱིས་ཏེ་གྱེར་བྱའི་སྙན་ངག་གདམ་བསལ་བྱས་ཤིང་སློབ་མ་རེ་རེའི་ཁྱད་ཆོས་ལྟར་དུ་ཚིག་གི་གཅོད་མཚམས་དང་། དབྱངས་ཀྱི་འདེགས་འཇོག ཉམས་འདོན་སྟངས། བརྩེ་དུང་སྟོན་ལུགས། སྤོབས་པ་སྐྱེད་སྟངས། བློར་བཟུང་བའི་བྱང་ཚད་བཅས་ལ་རེ་བ་ནན་མོ་བཟུང་སྟེ་ཀ་ཁྲིད་ང་ཁྲིད་སྒོས་སྟ་གོན་ལེགས་པོ་བགྱིས། འགྲན་སྡུར་ལ་ཕྱོགས་རིས་མེད་ཅིང་འདྲ་མཉམ་དང་དྲང་བདེན་ཡོང་སླད་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་དགེ་རྒན་ལྷ་མཁར་ཚེ་རིང་ངམ་མགར་ཨ་ཁྱུང་དང་། ལྷ་སྡེ་ལྕགས་རྒྱལ་འབུམ། ཁྲི་ཀ་རྫོང་བོད་སྐད་ཨུའི་བྱ་བའི་གཞུང་སྒྲུབ་ཁང་གི་རྒན་པད་མ་ཚེ་རིང་བཅས་གདན་འདྲེན་བྱས་ཏེ་དཔྱད་འདེམ་གྱི་འགན་ཁུར་པ་རེད།
      ཐོག་མར་བོད་ཆས་གཙང་མ་གྱོན་པའི་མདོ་འཛིན་པ་ཕོ་མོ་གཉིས་ཀྱི་གསལ་དག་སྙན་གསུམ་གྱི་མཆོད་ཚིག་གིས་སྣེ་དྲངས་ཏེ་དམའ་འབྲིང་ཚན་སྐོར་གྱི་ཕ་སྐད་ཅེས་པའི་སྙན་ངག་གྱེར་འདོན་གྱིས་སྐབས་དང་པོའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྙན་ངག་གྱེར་འདོན་འགྲན་སྡུར་གྱི་ཡོལ་རས་ཕྱེས།  གྱེར་བྱའི་བརྗོད་བྱ་ལ་སྙན་ངག་པ་གྲགས་ཅན་གྱི་སྙན་རྩོམ་གྱེར་འདོན་ལས་གཞན་པྲོག་དབྱིབས་ནད་དུག་ལ་རྒོལ་བའི་སྙན་རྩོམ་དང་བྱམས་ལྡན་གྱི་དགེ་རྒན། དྲིན་ཆེན་གྱི་ཕ་མ། མཛེས་སྡུག་གི་ཕ་ཡུལ་དང་ཕ་སྐད་སོགས་ནང་དོན་ཕུན་སུམ་ཚོགས་པ་འདུས་པའི་ཁར། གྱེར་འདོན་པ་མི་འགའ་འམ་མི་བཅུ་ཕྲག་ལྷག་མཉམ་གཅིག་ཏུ་ཞུགས་ཏེ་སྔ་ཕྱིའི་གྲལ་རིམ་མཛེས་ཤིང་་གྲལ་སྒྲིག་སྟངས་ཐད་དབྱིབས་རིས་སྣ་ཚོགས་ཀྱི་བཟོ་བསྟན་ལ། ཡིད་འགུལ་ཐེབས་པའི་རྒྱབ་ལྗོངས་རོལ་དབྱངས་དང་སྨྱན་གཟུགས་རི་མོ་ཟུང་འབྲེལ། ཚོར་བས་ཟིན་པའི་དགའ་སྐྱོ་ཆགས་སྡང་གི་ཉམས་འགྱུར་རེ་རེ་ཡིས་སྙན་ངག་ཅེས་པ་མ་གཞི་སེམས་ཀྱི་ཚོར་བ་དངོས་མ་ལས་བྱུང་བའི་ཉིང་བཅུད་ཡིན་པ་ར་སྤྲོད་བྱས་པ་མ་ཟད། ལྟ་མཁན་ཚོའི་ཡིད་དབང་ཅིག་ཅར་དུ་བཀུག་སྟེ་དེར་འདུས་ཚོགས་མི་ཡོངས་ཀྱི་དགའ་བསུའི་ཐལ་མོ་ཡུན་རིང་ལ་མ་ཞི་བ་རེད། ལྷག་པར་དུ་བརྗོད་བྱ་དང་འབྲེལ་བའི་བྲིས་གཟུགས། འཕྲེད་རས། ཤོག་དྲས་བཅས་ཀྱི་བསྣོལ་བསྡེབས། གླིང་བུ་དང་ཀ་པེད། ཞབས་བྲོ་སོགས་ཀྱི་རམ་འདེགས་ཀྱིས་སྙན་ངག་གི་མཆོད་པ་མཐོ་རུ་བསྟད་ཅིང་། ཚོར་འདུའི་ཡིད་སེམས་རབ་ཏུ་སྐྱོམ་པར་བྱས། གཅིག་ལས་གཅིག་ལྷག་གི་འགྲན་ཞུགས་པ་སོ་སོའི་ཐུན་མོང་མ་ཡིན་པའི་ཕྱིའི་གྱོན་གོས་མཛེས་འཕྱོར་དང་ནང་སེམས་ལས་བརྡོལ་བའི་འཁྲུག་ཆ་དོད་པའི་ཉམས་འགྱུར་གྱིས་དཔྱད་འདེམ་པས་བཟང་ངན་ལེགས་ཉེས་དང་མཐོ་དམའི་དབྱེ་འབྱེད་གསལ་ཐག་ཆོད་དཀའ་བར་གྱུར། ཛ་དྲག་གི་འགྲན་སྡུར་རབ་དང་རིམ་པ་བརྒྱུད། མཇུག་མཐར་དམའ་འབྲིང་རིམ་པ་ལས་ཕ་སྐད་གསེར་ནག་གླིང་བུ་ཞེས་པར་བྱ་དགའ་ཨང་དང་པོ་ཐོབ་ཅིང་། ཝུའུ་ཧན། ཝུའུ་ཧན། ཝུའུ་ཧན་ཞེས་པར་བྱ་དགའ་ཨང་གཉིས་པ་དང་། ཨ་མ་ཞེས་པའི་སྙན་ངག་གྱེར་འདོན་ལ་ཨང་གསུམ་པའི་བྱ་དགའ་ཐོབ་པ་དང་། འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག་ཅེས་པར་རྟིང་སྐུལ་བྱ་དགའ་ཐོབ་པ་རེད། སློབ་ཆུང་རིམ་པ་ལས་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་གིས་གྱེར་འདོན་བྱས་པའི་སྙན་ངག་རང་བྱུང་ཁམས་ཀྱི་སེམས་གཏམ་ཞེས་པར་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ལོ་རིམ་བཞི་བས་གྱེར་འདོན་བྱས་པའི་སྙན་ངག་བཤེས་གཉེན་ལགས་ཞེས་པར་ཨང་གཉིས་པའི་བྱ་དགའ་ཐོབ་པ་དང་། བོད་ཡུལ་གྱི་མཛེས་ལྗོངས་ལ་བསྔགས་པ་ཞེས་པའི་སྟོང་ཆེ་མི་རིགས་བཅའ་སྡོད་སློབ་ཆུང་གི་སྙན་ངག་གྱེར་འདོན་ལ་ཨང་གསུམ་པ་དང་། ལ་ཟེ་བ་མི་རིགས་བཅའ་སྡོད་སློབ་ཆུང་གིས་གྱེར་འདོན་བྱས་པའི་སྙན་ངག་ཕ་སྐད་ལ་རྟིང་སྐུལ་བྱ་དགའ་བཅས་ཐོབ། 
      ཐེངས་འདིའི་བྱ་འགུལ་གྱིས་སློབ་གྲྭ་ཕན་ཚུན་གྱི་རིག་གནས་སྒྱུ་རྩལ་བརྗེ་རེས་དང་སློབ་མའི་འཇོན་ནུས་སྔོན་འདོན་གྱི་ནུས་པར་སྟེགས་བུ་ལེགས་པོ་ཞིག་བསྐྲུན་པ་མ་ཟད། སློབ་གྲྭ་སོ་སོའི་རིག་གནས་མཁའ་དབུགས་ལེགས་སྐྲུན་ཐད་མཐུན་རྐྱེན་དང་འཕེལ་རྒྱས་གང་བཟང་བསྐྲུན། མ་ཟད་ དགེ་སློབ་ཕན་ཚུན་བར་ལའང་ཉམས་མྱོང་བརྗེ་རེས་དང་མཁས་བརྒྱ་འགྲན་གླེང་། མེ་ཏོག་མཉམ་བཞད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཀྱང་བསྐྲུན་པའོ།། 
འབྲེལ་ཡོད་འོས་སྦྱོར།