logo

༄༅། །མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་བརྡ་སྤྲོད་རྩ་བ་བློར་འཛིན་འགྲན་སྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།: བྱ་གཞུང་གནམ་ལྷ་འབུམ།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-12-11 ཀློག་གྲངས།:
      སྤྱི་ལོ2020ལོའི་ཟླ12པའི་ཚེས8ཉིན་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས“ཆོས་འཛིན་རྟགས་མའི”བརྡ་སྤྲོད་རྩ་བ་བློར་འཛིན་གྱི་བྱ་འགུལ་སྐབས་བཅུ་བ་རིག་བྱེད་ཕུན་ཚོགས་གླིང་གི་མདུན་ཐད་དུ་གཟབ་རྒྱས་ངང་སྤེལ།  
   
      ཕྱི་དྲོའི་ཆུ་ཚོད་གཉིས་ཀྱི་སྟེང་དཔྱད་འདེམས་པའི་དགེ་རྒན་རྣམ་པ་དབུར་བཞུགས་ཤིང་འཛིན་གྲྭ་སོ་སོ་རང་གནས་སུ་ལེགས་པར་བསྒྲིགས་རྗེས་བྱ་འགུལ་དངོས་སུ་མགོ་བརྩམས། “ཆོས་འཛིན་རྟགས་མའི”བརྡ་སྤྲོད་རྩ་བ་བློར་འཛིན་ནི་བོད་ཡིག་ཁྲིད་དཔྱོད་ཁག་གིས་མཐོ་གཅིག་རིམ་པའི་སློབ་མ་རྣམས་ལ་ཆེད་དུ་གཏན་འབེབས་བྱས་པའི་སློབ་གྲྭའི་སྲོལ་རྒྱུན་གྱི་བྱ་འགུལ་གལ་ཆེན་ཞིག་ཡིན་ཅིང་།  སྔོན་མ་ཡིན་ན་བློར་གཟུང་བྱར《སུམ་ཅུ་བ》དང་《ལེགས་བཤད་ལྗོན་དབང་།》 《རྟགས་འཇུག》དང་《དཀའ་གནད་སེལ་བའི་མེ་ལོང》བཅས་བཞི་ཡོད་ལ། འགྲན་སྡུར་གྱི་རྣམ་པ་ལའང་འཛིན་གྲྭ་ཐུན་མོང་གི་མཉམ་འཛིན་དང་འཛིན་གྲྭ་རེ་ནས་སློབ་མ་གང་རུང་རེ་བོས་ནས་གཟུང་དུ་འཇུག་པ།  དཔའ་ཁས་ལེན་བྱས་ནས་འཛིན་པ་སོགས་སྣ་མང་མོད།  སློབ་མ་ཚོའི་སློབ་སྦྱོང་གི་འགན་ཁུར་ལྕི་ཞིང་བྱ་འགུལ་གྱི་དུས་ཚོད་ཀྱིས་མི་འདང་བ་སོགས་ལ་གཞིགས་ཏེ།  ཐེངས་འདིར་མཚོན་ན་བློར་གཟུང་བྱ་སྔ་མ་གཉིས་ལས་ཕྱི་མ་གཉིས་སློབ་སྐབས་རྗེས་མར་བཀོད་སྒྲིག་བྱས་ཡོད་ཅིང་། འགྲན་སྡུར་གྱི་རྣམ་པའང་འཛིན་གྲྭ་ཐུན་མོང་གིས་མཉམ་འཛིན་བྱེད་པའི་ཐབས་གཙོ་བོར་སྤྱད་ཡོད།   ཡིན་ནའང་ལྟ་ཞིབ་པའི་དགེ་རྒན་ཤིན་ཏུ་གཟབ་ནན་ཡིན་པས་སྐུ་ཞབས་གནམ་གོའི་རྣམ་ཐར་བསྐྱངས་ནས་བློར་འཛིན་ཁུལ་བྱེད་བསམ་མཁན་རྣམས་ལ་ནི་གླགས་ཏིལ་འབྲུ་ཙམ་ཡང་མེད་དོ། །
      འགྲན་སྡུར་གྱི་གོ་རིམ་ཁྲོད་འཛིན་གྲྭ་ཡོངས་ཀྱིས་བོད་ལྭ་གྱོན་ཞིང་གྲལ་བསྒྲིགས་པ་དག་མོ་ཡིན་ལ་མགོ་བོ་ཡར་དགྱེས་ཤིང་གདོང་ལ་ཡིད་ཆེས་ཀྱིས་བཀང་ཡོད་པ་མ་ཟད།  སྤྱིའི་ཆ་ནས་བློར་བཟུང་བ་བྱང་ཆ་ལྡན་ཅིང་ཡིག་འབྲུ་གསལ། གདངས་མཐོ་ལ་མགྲིན་གཅིག་པ་སོགས་ཤིན་ཏུ་ཉམས་དགའ་ཞིང་ཡིད་ཀྱི་དང་བ་འདྲེན་པར་བྱེད། ཡིན་ནའང་འཛིན་གྲྭ་ཁ་ཤས་ནས་བློར་ལེགས་པར་མ་ཟིན་པར་ཐོགས་ནས་མི་འགྲོ་བའང་རེ་འགའ་མཆིས་པས།  དེ་དག་ལྟ་ཞིབ་པའི་དགེ་རྒན་གྱིས་ལོགས་སུ་བཀར་ནས་ཡང་བསྐྱར་བློར་གཟུང་རྒྱུའི་གོ་སྐབས་སྤྲད་ཅིང་།  ད་དུང་ལེགས་པར་མི་ཡོང་བ་རྣམས་མིང་ཐོར་བཀོད་ནས་དུས་བཅད་ལྟར་རང་རང་གི་བོད་ཡིག་དགེ་རྒན་གྱི་མདུན་ནས་བློར་གཟུང་དགོས་པའི་རེ་བ་བཏོན། 
      མཁས་དབང་དོར་ཞི་གདོང་དྲུག་སྙེམས་བློས།  བོད་རང་གི་སྲོལ་རྒྱུན་གྱི་རིག་གནས་ནང་གི་སློབ་གསོའི་ལམ་ལུགས་ཕྱོགས་ལ་རྒྱུན་འཛིན་དར་སྤེལ་གྱི་རིན་ཐང་ཡོད་པ་གལ་ཆེ་བའི་ཕྱོགས་གསུམ་ཡོད།  དང་པོ་ནི་མཚན་ཉིད་ཚང་བའི་དགེ་རྒན་བསྟེན་པ་དང་། གཉིས་པ་ནི། སྐྱོར་སྦྱངས་བློ་འཛིན་བྱེད་པ་དང་།  གསུམ་པ་ནི།  རྩོད་པས་བདར་ཤ་བཅད་པ་ཡིན་ཞེས་དང་། ཚིག་དོན་ཐམས་ཅད་བློར་བཟུང་ཞིང་མི་བརྗེད་པར་བྱེད་པ་ནི།  ལོ་རྒྱུས་ཀྱི་ཉམས་མྱོང་ལས་ཐོབ་པའི་སློབ་གཉེར་བྱེད་སྟངས་བཟང་པོ་ཞིག་ཡིན་ཞེས་གསུངས་པ་ལྟར།  སྐྱོར་སྦྱངས་བློར་འཛིན་བྱེད་པ་ནི་བོད་ཀྱི་རིག་གནས་སྦྱོང་བ་ལ་མེད་དུ་མི་རུང་བའི་སྲོལ་རྒྱུན་གྱི་སློབ་སྦྱོང་བྱེད་ཐབས་གལ་ཆེན་ཞིག་ཡིན་པས།  སྔོན་བྱོན་དམ་པ་མང་པོས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བསླབ་བྱ་མང་པོ་གནང་ཡོད།  ཐེངས་འདིའི་བྱ་འགུལ་ལ་བརྟེན་ནས་སློབ་མ་ཚོས་སུམ་ཅུ་བ་དང་དེའི་འགྲེལ་བའི་གཞུང་ཚིག་མ་ཟིན་པ་རྣམས་ཟིན་པར་གྱུར་ཅིང་།  ཟིན་པ་རྣམས་བྱང་ཆུད་པར་འགྱུར་བར་ཕན་ཐོགས་ཆེན་པོ་བྱུང་བ་མ་ཟད།  བློར་འཛིན་གྱི་ནུས་པ་གོང་འཕེལ་དུ་འགྲོ་བར་ཡང་ཉི་མ་མེ་གྲོགས་ཀྱི་དཔེ་རུ་གྱུར་ཏོ། །
འབྲེལ་ཡོད་འོས་སྦྱོར།