༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པས་གཟའ་སྤེན་པའི་གླེང་སྟེགས་སྐབས་དྲུག་བ་སྤེལ།
རྩོམ་པ་པོ།:བསེ་ཐར་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-03-16
ཀློག་གྲངས།:
ཟླ3ཚེས13ཉིན་གྱི་དགོང་མོ་དུས་ཚོད་བདུན་སྟེང་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པས་སློབ་མའི་ཀུན་སྤྱོད་སློབ་གསོ་མཐོར་འདེགས་དང་བདེ་སྐྱིད་ཀྱི་མི་ཚེ་བསྐྲུན་པར། ཡ་རབས་དམིགས་མེད་ཀྱིས་བྱམས་བརྩེ་དང་ལྡན་པ། རྒྱུ་འབྲས་དྲང་བཞག་གིས་འདྲ་མཉམ་གྱི་རིན་ཐང་ལྟ་ཚུལ། རང་གཅེས་རང་བདག་གིས་རང་ཉིད་ལ་རྩིས་མཐོང་། རྨོངས་པ་རབ་གསལ་གྱི་ཤེས་རབ་ཀྱི་བློ་རྒྱས་པར་དམིགས་ནས་སློབ་གྲྭའི་རིག་གཞུང་སྙན་ཞུ་ཁང་དུ་གཟའ་སྤེན་པའི་ཀུན་སྤྱོད་དང་བློ་འབྱེད་གླེང་སྟེགས་སྐབས་དྲུག་པ་སྟེ་མཐོ་གཉིས་སློབ་མ་ལྔ་བརྒྱ་ལྷག་ལ་ཏང་ཨུ་ཧྲུའུ་ཅི་གཞོན་པ་ཚེ་རིང་བསམ་འགྲུབ་ལགས་ནས་སློབ་སྦྱོང་གི་གོམས་གཤིས་བཟང་བོ་ཞིག་ཇི་ལྟར་ཆགས་པའི་སྐོར་ནས་གླེང་བརྗོད་ཀྱི་བྱ་འགུལ་སྤེལ།
ཐོག་མར་རྒན་བསེ་ཐར་འབུམ་གྱིས་ཐེངས་འདིའི་གླེང་སྟེགས་ལ་མདོ་འཛིན་གནང་བ་དང་གླེང་སྟེགས་འདི་འདྲ་སྤེལ་དགོས་པའི་དགེ་བ་དང་ཐེངས་འདིའི་གླེང་སྟེགས་ཀྱི་གླེང་བརྗོད་པ་དང་གླེང་བྱར་མཚམས་སྦྱོར་མདོ་བསྡུས་གནངས་སོ།།
གོ་རིམ་གཉིས་པར་སློབ་གཙོ་གཞོན་པ་ལུག་ཀྲིན་ཧྲུག་ལགས་ནས་སློབ་མའི་འགྲོ་འདུག་སྤྱོད་གསུམ་ཚུལ་དང་མཐུན་པ། གཞུང་དངོས་གཅེས་སྤྲས་བྱ་དགོས་པ་སོགས་ཁ་བརྡ་སློབ་གསོ་གནང་བ་དང་གླེང་སྟེགས་འདི་ནི་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཞིག་དང་རང་ཉིད་ལ་བྱི་དོར་བྱ་ཚུལ་ཡག་པོ་ཞིག་ཡིན་པས་ཚོགས་ཞུགས་སློབ་མ་དག་གིས་དོ་སྣང་བྱ་དགོས་པ་སོགས་ནས་ཐེངས་འདིའི་གླེང་བརྗོད་དངོས་ལ་གླེང་བསླངས་སོ།།
གོ་རིམ་གསུམ་པར་ཐེངས་འདིའི་གླེང་བརྗོད་པ་རྒན་ཚེ་རིང་བསམ་འགྲུབ་ལགས་ནས་གསུངས་དོན། ང་ཚོ་སློབ་ཆུང་ལོ་དྲུག་དང་དམའ་འབྲིང་ལོ་གསུམ། མཐོ་འབྲིང་ལོ་གསུམ། སློབ་གྲྭ་ཆེན་མོ་ལོ་བཞི་བསྡོམས་པས་ལོ་བཅུ་དྲུག་དང་། ཞིབ་འཇུག་ལོ་གསུམ་བསྣན་ན་བསྡོམས་པས་ལོ་བཅུ་དགུ་ལ་སློབ་གཉེར་གྱི་གོ་རིམ་བརྒྱུད་དགོས། འོན་ན་ང་ཚོས་ལོ་བཅུ་དགུ་ལྷག་ལ་སློབ་གཉེར་བྱ་དགོས་དོན་ཅི་ཞིག་ཡིན་པ་དང་སློབ་གཉེར་བྱས་ན་ཅི་ཞིག་ལ་ཕན་པ། ཀུན་སྤྱོད་དང་ཤེས་བྱའི་འབྲེལ་བ་དང་གཙོ་ཕལ། དམའ་འབྲིང་དང་མཐོ་འབྲིང་གི་ཁྱད་པར། མཐོ་འབྲིང་གི་སློབ་མ་ཞིག་ཡིན་ན་ཇི་ལྟར་སློབ་སྦྱོང་བྱ་བ། སློབ་སྦྱོང་བྱ་བ་ལ་འཆར་གཞི་དང་སྙིང་རུས། སྤྱི་སྡོམ་སྟེ་མ་མཐའ་ཡང་ཆ་རྐྱེན་འདི་གསུམ་འཛོམས་དགོས་པ། སློབ་སྦྱོང་གི་གོམས་གཤིས་བཟང་བོ་ཆགས་པར་སྔོན་འགྲོའི་ཆ་རྐྱེན་ཅི་ཞིག་ཚང་དགོས་པ་དང་རྒྱུན་ཏུ་ཇི་ལྟར་བྱ་བ། མཇུག་ཏུ་ཇི་ལྟར་གོམས་གཤིས་ཡག་པོ་བསྲུང་བ་སོགས་གཟབ་ནན་དང་ཡང་དང་བསྐྱུར་དུ་གླེང་བ་དང་། གཞན་ཡང་མ་འོངས་པའི་མཐོ་རྒྱུགས་ཀྱི་ཁ་ཕྱོགས་སོགས་ནས་ཤེས་པ་བརྒྱུད་སྒྲོག་གནངས་སོ།།
མཇུག་མཐར་ཏང་ཨུ་ཧྲུའུ་ཅི་གཞོན་པ་ཚེ་རིང་བསམ་འགྲུབ་ལགས་ནས་ཚོགས་ཞུགས་སློབ་མ་དག་ལ་སློབ་སྦྱོང་གོམས་གཤིས་ཡག་པོ་ཆགས་པ་དང་མཐོ་འབྲིང་གི་སློབ་སྦྱོང་ལ་གོ་རྟོགས་ཟབ་མོ་ཞིག་ཡོད་པ། སློབ་སྦྱོང་གི་གོ་རིམ་ཁྲོད་ནས་རང་ཉིད་ཀྱིས་རེ་ཞིང་སྨོན་པའི་རང་ཉིད་རྙེད་པ། མཐོ་འབྲིང་གསུམ་པའི་བྱ་རིམ་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་ཁ་གཡང་བོས་སོ།།
འདི་རིག་པའི་མཆོད་སྟོན་བཤམས་སྟངས་ཤིག འདི་ནི་ནང་སེམས་ལ་བྱི་དོར་བྱེད་སྟངས་ཤིག འདི་ནི་ཕངས་མེད་ཀྱི་ཤེས་པ་སྦྱིན་སྟངས་ཤིག འདི་ནི་མི་ཚེ་ལ་འོད་སྣང་འཕྲོས་སྟངས་ཤིག འདི་ནི་མ་རིག་པའི་མུན་པ་བཅོམ་སྟངས་ཤིག་གོ།

གོ་རིམ་གཉིས་པར་སློབ་གཙོ་གཞོན་པ་ལུག་ཀྲིན་ཧྲུག་ལགས་ནས་སློབ་མའི་འགྲོ་འདུག་སྤྱོད་གསུམ་ཚུལ་དང་མཐུན་པ། གཞུང་དངོས་གཅེས་སྤྲས་བྱ་དགོས་པ་སོགས་ཁ་བརྡ་སློབ་གསོ་གནང་བ་དང་གླེང་སྟེགས་འདི་ནི་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཞིག་དང་རང་ཉིད་ལ་བྱི་དོར་བྱ་ཚུལ་ཡག་པོ་ཞིག་ཡིན་པས་ཚོགས་ཞུགས་སློབ་མ་དག་གིས་དོ་སྣང་བྱ་དགོས་པ་སོགས་ནས་ཐེངས་འདིའི་གླེང་བརྗོད་དངོས་ལ་གླེང་བསླངས་སོ།།


འདི་རིག་པའི་མཆོད་སྟོན་བཤམས་སྟངས་ཤིག འདི་ནི་ནང་སེམས་ལ་བྱི་དོར་བྱེད་སྟངས་ཤིག འདི་ནི་ཕངས་མེད་ཀྱི་ཤེས་པ་སྦྱིན་སྟངས་ཤིག འདི་ནི་མི་ཚེ་ལ་འོད་སྣང་འཕྲོས་སྟངས་ཤིག འདི་ནི་མ་རིག་པའི་མུན་པ་བཅོམ་སྟངས་ཤིག་གོ།
འབྲེལ་ཡོད་འོས་སྦྱོར།