༄༅།།2021ལོའི་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་གཙོ་དབང་ཆེན་ཚེ་རིང་གི་མཐར་ཕྱིན་མཛད་སྒོའི་སྟེང་གི་གཏམ་བཤད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ།
དུས་ཚོད།:2021-06-03
ཀློག་གྲངས།:

གུས་པར་འོས་པའི་དགེ་རྒན་དང་སྙིང་ཉེ་བའི་སློབ་གྲོགས་རྣམ་པ།
སྔ་དྲོ་བདེ་ལེགས།དེ་རིང་བཀྲ་ཤིས་པའི་ཉི་མ། ཕུན་སུམ་ཚོགས་པའི་ཉི་མ། རྟེན་འབྲེལ་ཀུན་འགྲིག་གི་ཉིན་མ་འདིར། རང་རེའི་སློབ་གྲྭའི་2021ལོའི་མཐོ་གསུམ་སློབ་མ་མཐར་ཕྱིན་མཛད་སྒོ་གཟབ་རྒྱས་ངང་འཚོགས།
ཐོག་མར། ངས་རང་རེའི་སློབ་གྲྭའི་ཏང་ཨུ་དང་སློབ་གྲྭའི་ལས་དོན་ལྷན་ཚོགས་ཀྱི་ཚབ་བྱས་ཏེ། མཐར་ཕྱིན་སློབ་གྲོགས་907ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་མ་ཟད། མཐོ་རྒྱུགས་ཀྱི་འགྲན་རྩོད་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པར་སྨོན་ལམ་སྙིང་ནས་བཏབ་པ་ཡིན།
གོ་སྐབས་འདི་དང་བསྟུན་ནས། ངས་མཐོ་གསུམ་སློབ་རིམ་གྱི་དགེ་རྒན་ཡོངས་དང་། ཁྱད་པར་དུ་སློབ་རིམ་གྱི་ཁག་གཙོ། འཛིན་བདག་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། དེ་མིན་ད་རུང་ཁྲུའུ་རིམ་པའི་འགོ་འཛིན་དང་། དཔེ་ཁྲིད་ཀྱི་དགེ་རྒན་ཡོངས། སྲིད་དོན་ཀྱི་ལས་ཀ་གཉེར་མཁན། རྒྱབ་ཕྱོགས་ཀྱི་ཞབས་འདེགས་ཞུ་བའི་ཇ་མ་དང་ཁོར་ཡུག་བདག་སྐྱོང་བྱེད་མཁན་སོགས་ཀྱི་དགེ་བཟོ་བ་ཡོངས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་ཡིན།
སློབ་གྲོགས་རྣམ་པ། ཏང་གི་ཉི་འོད་ཕྱོགས་བཞིར་འཆར་བའི་མོད།། སློབ་གསོའི་ལས་དོན་འཕེལ་ཞིང་རྒྱས་པར་མཛད། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་། ཁུལ་སློབ་གསོ་ཅུས་ཀྱི་རྒྱབ་སྐྱོབ། རང་རེའི་སློབ་གྲྭའི་ཏང་ཨུའི་སྣེ་ཁྲིད་འོག སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་བློ་རྒྱ་ཆེར་བསྐྱེད་དང་། སྒྱུར་བཅོས་གསར་སྤེལ། དཀའ་སྤྱད་འབད་བརྩོན་བྱས་པར་བསྟུན། ལོ་འདི་གའི་རིང་། རང་རེའི་སློབ་གྲུའི་སློབ་གསོའི་ལས་དོན་ལ་དབྱར་གྱི་མཚོ་མོ་རྒྱས་པ་བཞིན་གོང་ནས་གོང་དུ་འཕེལ་ཅིང་། གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་ལོན་པའི་འཁྲུངས་སྐར་དུས་ཆེན་རེད། སློབ་བུ་ཁྱེད་ཅག་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་གང་ལེགས་བགྱིས་ཏེ། ཏང་གི་བྱུང་འཕེལ་ལོ་རྒྱུས་ལ་གསལ་ཆ་ཡོད་དགོས་ལ། ཏང་ལ་དགའ་བ་དང་། མེས་རྒྱལ་དགའ་བའི་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པ་དང་འཛུགས་སྐྲུན་མཁན་ཞིག་ཏུ་འགྱུར་བ་བྱ་དགོས།
སློབ་གྲོགས་རྣམ་པ། ལོ་ངོ་གསུམ་གྱི་མཐོ་འབྲིང་གི་འཚོ་བ་ནི་མདང་གསུམ་གྱི་རྨི་ལམ་ཇི་བཞིན་སྐད་ཅིག་གིས་འདས་སོང་། ལོ་ངོ་གསུམ་གྱི་སྔོན་ལ། ཁྱེད་ཚོས་གཡུར་ཟའི་འབྲས་བཟང་བསྣམས་ཏེ། ཡུལ་ལུང་སོ་སོ་ནས། ཕ་མའི་རེ་བ་དང་མི་ཚེའི་ཕུགས་འདུན་སྙིང་ལ་བཅངས་ནས། མ་ཡུམ་སློབ་གྲྭ་སྟེ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་ཁྱིམ་གཞི་ཆེན་མོ་འདི་རུ་སླེབས། ལོ་ངོ་གསུམ་གྱི་རིང་ལ། ཁྱེད་ཚོས་སློབ་གྲྭའི་སྒྲིག་ལམ་ལ་བརྩི་སྲུང་དང་། སློབ་སྦྱོང་ལ་དཀའ་སྤྱད་སྡུག་རུས་བྱས་པར་བརྟེན། བརྟན་བརླིང་གི་གཤིས་ཀ་དང་ཚུགས་ཐུབ་ཀྱི་བསམ་བློ་ཞིག་ཆགས་ཡོད་ལ། ལོ་ངོ་གསུམ་གྱི་རིང་ལ། སློབ་གཉེར་གྱི་ལམ་བུ་རུ། དཀའ་ཁག་ཅི་རིགས་ཤིག་ལ་འཕྲད་ཀྱང་། ཁྱེད་ཚོ་དཔའ་གདེང་གིས་མདུན་དུ་སྐྱོད་ཅིང་། བདེ་ཐང་གིས་འཚར་ལོངས་བྱུང་ཡོད། ལོ་ངོ་གསུམ་གྱི་རིང་ལ། ཁྱེད་ཚོའི་དྭངས་གཙང་གི་བརྩེ་བ་དང་ལྷག་བསམ་དྲོན་མོ་དེ་སློབ་གྲྭའི་ལས་དབང་དང་འབྲེལ་ཞིང་། སློབ་གྲྭ་འཕེལ་རྒྱས་ཐད་ནུས་པ་གང་འཚམ་ཐོན་ཡོད། ཁྱེད་ཚོའི་ལོ་ངོ་གསུམ་གྱི་འབད་བརྩོན་དང་། འཚོལ་སྙེག དགའ་སྐྱོ། སྦྱོང་བརྡར་བཅས་ཀྱིས། རང་རེའི་སློབ་གྲྭའི་ལོ་རྒྱུས་ཀྱི་ཟིན་ཐོ་ལ་སྔ་ན་མེད་པའི་ཚོན་མདངས་གསར་བ་ཞིག་བསྣན་ཡོད།
སློབ་གྲོགས་རྣམ་པ། དེ་རིང་ནས་བཟུང་། ཁྱེད་ཚོ་སློབ་མཐར་ཕྱིན་སོང་། མི་འགྱངས་པར་མཐོ་རྒྱུགས་ཀྱི་གཡུལ་ས་ལ་ཞུགས་ཏེ། མི་ཚེའི་འགྲུལ་བཞུད་གསར་བ་ཞིག་གི་མགོ་བརྩམ་དགོས། སྐབས་འདིར། ང་ཚོ་ཚང་མའི་སེམས་ན་གྱེས་བྲལ་གྱི་གདུང་བ་ལྕི་མོ་ཡོད་པ་སྨོས་མ་དགོས། ཡིན་ཡང་། མཐོ་རྒྱུགས་ནི་སློབ་གཉེར་བ་ཞིག་ལ་མཚོན་ན་ཆེས་གལ་ཆེ་ཞིང་། མི་ཚེའི་དཀྱོགས་མཚམས་ཤིག་ཡིན་པས། རང་སེམས་ལ་གཡོ་སྐྱོམ་དྲག་པོ་འབྱུང་དུ་མི་འཇུག་པར་རྒྱུན་ལྡན་གྱི་སེམས་ཁམས་ཤིག་གིས་མཐོ་རྒྱུགས་བསུས་ཏེ། རྒྱུགས་འབྲས་བཟང་པོ་ཞིག་ལེན་པར་ནུས་ཤུགས་ཡོད་རྒུ་འདོན་དགོས།
སློབ་གྲོགས་རྣམ་པ། མཐོ་འབྲིང་མཐར་ཕྱིན་པ་ནི། ཁྱོད་ཚོས་མི་ཚེའི་འགྲུལ་བཞུད་ཀྱི་དཀྱོགས་མཚམས་ཤིག་ཡིན། མཐོ་རྒྱུགས་ནི་ཁྱོད་ཚོ་མི་ཚེའི་འགྲུལ་བཞུད་ཁྲོད་འཕྲད་པར་རྙེད་དཀའ་བའི་གོ་སྐབས་བཟང་བོ་ཞིག་ཡིན་པ་ལས། མི་ཚེའི་མཐར་ཐུག་གི་རྒྱལ་ཕམ་ཐག་གཅོད་བྱེད་ཅིག་མིན་ལ། མི་ཚེའི་དམིགས་འབེན་ཉག་གཅིག་པུ་དེའང་གཏན་ནས་མིན།
མ་འོངས་པར། ཁྱོད་ཚོ་གནས་གང་ལ་སོང་ཡང་། ལས་ཀ་ཅི་ཞིག་སྒྲུབ་ཀྱང་། ཆེས་བརྗེད་མི་རུང་དང་རྒྱུན་འཁྱོངས་བྱེད་དགོས་པའི་དོན་ཚན་བཞི་ཡོད་དེ།
གཅིག་ནས་ཏང་གི་བཀའ་དྲིན་མ་བརྗེད། ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་ཤེས་དགོས། ཕ་མའི་བཀའ་དྲིན་མ་བརྗེད། ཕ་མ་ནི་ང་ཚོར་མིའི་ལུས་རྟེན་རིན་པོ་ཆེ་སྦྱིན་མཁན་དེ་ཡིན། དགེ་རྒན་གྱི་བཀའ་དྲིན་མ་བརྗེད། དགེ་རྒན་ནི་ཁྱེད་ཅག་གི་མ་རིག་མུན་པ་སེལ་བའི་སྒྲོན་མེ་དེ་ཡིན། སློབ་གྲྭའི་བཀའ་དྲིན་མ་བརྗེད། སློབ་གྲྭ་ནི་ནམ་ཡང་ཁྱེད་ཅག་གི་ཁྱིམ་གཞི་དྲོད་མོ་དེ་ཡིན།
གཉིས་ནས་བསམ་སྤྱོད་བཟང་བོ་དང་ལྡན་པའི་མི་བརྩེ་བ་ཅན་ཞིག་བྱ་རྒྱུ་དེ་ཡིན། རང་རེའི་བོད་ཀྱི་རིག་གནས་ལ་མཚོན་ན་ཧ་ཅང་དཀྱེལ་ཡངས་དང་བྱམས་བརྩེའི་ཕྱུག་ཡོད་པས། དེ་རྒྱུན་སྐྱོང་དང་དར་སྤེལ་བཏང་སྟེ། བྱ་བའི་འཇུག་ལྡོག་དང་བླང་དོར་གྱི་དབྱེ་བ་འབྱེད་ཤེས་དགོས།
གསུམ་ནས་འགན་འཁྲིའི་འདུ་ཤེས་དང་ལྡན་པའི་མི་ཞིག་བྱ་རྒྱུ་དེ་ཡིན། འགན་འཁྲིའི་འདུ་ཤེས་ཡོད་མེད་ནི་མི་ཞིག་ནར་སོན་ཡོད་མེད་དང་བསམ་ཤེས་ཡོད་མེད་ཀྱི་རྟགས་མཚན་ཞིག་ཡིན་པ་མ་ཟད། མིའི་བཟང་ངན་འབྱེད་བྱེད་ཀྱི་རྟགས་མཚན་ཞིག་ཀྱང་ཡིན་པས། ང་ཚོས་ཆུང་ས་ནས་རང་ཉིད་དང་ཁྱིམ་ཚང་ལ་འགན་ཁུར་དགོས་པ་དང་། ཆེ་ས་ནས་རྒྱལ་ཁབ་དང་། མི་རིགས་ལ་འགན་འཁུར་དགོས།
བཞི་ནས་སློབ་སྦྱོང་ལ་དགའ་བའི་མི་ཞིག་བྱ་རྒྱུ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གཉེར་ལ་དང་དོད་ཆེན་པོ་བྱེད་ཅིང་། དམངས་ཡོངས་ནས་ཚེ་གང་བོར་སློབ་སྦྱོང་ལ་འབད་དགོས་པའི་བླང་བྱ་བཏོན་ཡོད། སྔོན་བྱོན་བོད་ཀྱི་མཁས་པས་ཀྱང་། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན།། རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག། ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན།། ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག། ཅེས་གསུངས། ཤེས་ཡོན་ནི་རྒྱུ་ནོར་ཡིན་ལ། ཤེས་ཡོན་ནི་སྟོབས་ཤུགས་ཡིན། སློབ་གཉེར་ལ་དགའ་བའི་མི་ལ་ནམ་ཡང་འཕེལ་རྒྱས་དང་རེ་བ། རྒྱལ་ཁ་བཅས་ཡོད་པ་ཡིན།
མཇུག་མཐར། སློབ་གྲོགས་རྣམས་ཀྱིས་མཐོ་རྒྱུགས་ཁྲོད་རྒྱལ་ཁ་ལོན་པ་དང་། མ་འོངས་པའི་མི་ཚེའི་ལམ་ཁ་སྔར་ལས་ཡངས་ཤིང་། ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་པའི་མོད་ལ། མ་ཡུམ་སློབ་གྲྭས་ཁྱོད་ཚོའི་རྒྱལ་ཁའི་སྤྲོ་གླུ་ལ་རྣ་བས་ཉན་ཞིང་། རྒྱལ་མཚན་གྱི་དར་ཆ་བསྒྲེང་བར་མིག་གིས་འཚོས་ཏེ། འོད་ཀྱི་ཁེངས་པའི་ལམ་བུ་གསར་པ་ཞིག་གཏོད་པར་རེ་བ་སྙིང་ནས་ཞུ།

བཀྲ་ཤིས་བདེ་ལེགས།
2021ལོའི་ཟླ6པའི་ཚེས1ཉིན།
2021ལོའི་ཟླ6པའི་ཚེས1ཉིན།
འབྲེལ་ཡོད་འོས་སྦྱོར།