logo

མཚོ་སྔོན་གེ་སར་རྟ་འཆམ«འདན་སྲས་རྟོགས་བརྗོད»མགོ་ལོག་ནས་འཁྲབ་སྟོན་བྱས་པ།

རྩོམ་པ་པོ།:ཆབ་འགག་ཇོ་རུ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-02-15 ཀློག་གྲངས།:
རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་མཚོ་སྔོན་གེ་སར་རྟ་
འཆམ«འདན་སྲས་རྟོགས་བརྗོད»མགོ་ལོག་ནས་འཁྲབ་སྟོན་བྱས་པ།
        གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། མི་རིགས་སོ་སོའི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་རིགས་ཁག་མཐུན་སྒྲིལ་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་བྱེད་པ། དགའ་སྤྲོ་འཆམ་མཐུན་དང་དགའ་སྤྲོའི་དུས་ཆེན་གྱི་རྣམ་པ་མངོན་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རིག་གནས་ཐོབ་སྣང་དང་སྐྱིད་སྣང་ཇེ་ཆེར་འགྲོ་ཆེད། སྤྱི་ཟླ༢པའི་ཚེས༡༤ཉིན། མགོ་ལོག་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་གཙོ་སྒྲུབ་དང་། མགོ་ལོག་ཁུལ་རིག་གནས་ཁང་གིས་འགན་སྒྲུབ། རྨ་ཆེན་དབྱིག་ཆུ་དམངས་ཁྲོད་གེ་སར་ཟློས་གར་ཚོགས་པས་འཁྲབ་སྟོན་བྱས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་འཐུས་ཚབ་རྣམ་གྲངས་མཚོ་སྔོན་གེ་སར་རྟ་འཆམ«འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད»ཞེས་པ་མགོ་ལོག་ཁུལ་གེ་སར་རིག་གནས་ཐང་ཆེན་དུ་གཟབ་རྒྱས་ངང་འཁྲབ་སྟོན་བྱས་ཤིང་། ལྟད་མོ་བ་མི་ཐེངས༥༠༠ལྷག་ཙམ་ཟིན་ཡོད་པ་རེད།
འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད་འཁྲབ་སྟོན་བྱེད་བཞིན་པ།
        ཐེངས་འདིའི་འཁྲབ་སྟོན་ལ་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གི་ཐད་གཏོང་ཞབས་ཞུའི་ལས་གཞིས་རྒྱབ་སྐྱོར་ཐོབ་སྟེ། ཧྲང་ཧའེ་ཧྲང་ཡེ་ཆ་འཕྲིན་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་གདན་དྲངས་ནས་བརྙན་ཕབ་སྒྲིག་བཟོ་བྱས་ཤིང། མཚོ་སྔོན་སྤྱི་པའི་རིག་གནས་དྲ་བ་དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཁང་བརྙན་ལམ་ཨང་རྟགས། མགོ་ལོག་ཁུལ་རིག་གནས་ཁང་གི་མགྱོགས་འཕྲིན་བཅས་བརྒྱུད་དེ་དྲ་ཐོག་ནས་འཁྲབ་སྟོན་གྱི་རྣམ་པ་ཐད་གཏོང་བྱས་ལ། སྤྱི་ཟླ༤པར་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་དྲ་བའི་སྟེང་འགྲེམས་སྟོན་བྱ་རྒྱུ་རེད།
        གཟུགས་འདས་རིག་གནས་ཤུལ་བཞག་དང་ང་ཚོའི་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པ་དང་། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་བཞིན་ཡོད་པས། མིའི་རིགས་ཀྱི་ཚེ་སྲོག་གི་དྲན་ཤེས་དང་བློ་གྲོས་ཀྱི་ཉིང་བཅུད་ཡིན་ལ། ང་ཚོའི་ཡུན་གཏན་གྱི་བསམ་པའི་ཁྱིམ་གཞིས་ཀྱང་ཡིན་པ་རེད། དེ་ཉིད་རྒྱུན་འཛིན་བྱེད་ཐུབ་ཚེ་ལོ་རྒྱུས་གནས་ཐུབ་ལ། སྲུང་སྐྱོབ་བྱེད་ཐུབ་ཚེ་རིག་གནས་ཀྱི་སྲོག་རྩ་སོར་འཇོག་བྱས་པ་ཡིན། ཐེངས་འདིའི་འཁྲབ་སྟོན་ལ་འཁྲབ་ཚན་བཞིར་དབྱེ་ནས་དུས་ཚོད་སྐར་མ༩༠ཡོད་ཅིང། གེ་སར་ཟློས་གར་གྱི་སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་མཚོན་ཚུལ་གཅིག་བསྡུས་ཀྱིས་མངོན་ཤིང་། སྙན་འཇེབས་ཀྱི་དབྱངས་རྟ་དང་གནའ་ཉམས་དོད་པའི་སྟངས་སྟབས་སོགས་ཀྱིས་གེ་སར་ཟློས་གར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་མཚོན་པ་དང་། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མི་རབས་ནས་མི་རབས་བར་རྒྱུན་བསྲིངས་པའི་རིག་གནས་ཀྱི་རིན་ཐང་ཡང་མཚོན་ཡོད་པར་མ་ཟད། མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ཐོན་པའི་རིག་གནས་ཀྱི་མཛེས་དཔྱོད་དང་། རིག་གནས་ཀྱི་རིན་ཐང་སོགས་ཀྱང་ལྡན་པ་མཚོན་ཐུབ།
འཁྲབ་སྟོན་བྱེད་བཞིན་པ།
        ཐེངས་འདིའི་བྱེད་སྒོ་སྤེལ་བ་དེས། ཟློས་གར་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། གཟུགས་འདས་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་གྲུབ་འབྲས་མངོན་པ། ཟློས་གར་སྒྱུ་རྩལ་གྱི་ཡིད་དབང་འགུག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་འགྲོ་བ། མི་རིགས་སོ་སོའི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ་སོགས་བྱེད་པར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་རེད། །
ཆབ་འགག་ཇོ་རུས་བྲིས།
འབྲེལ་ཡོད་འོས་སྦྱོར།