logo

ཁྲི་ཀ་རྫོང་གེ་སར་རིག་གནས་བརྒྱུད་སྒྲོག་ལྟེ་གནས་དངོས་སུ་བཙུགས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-02-24 ཀློག་གྲངས།:
        ཟླ༢པའི་ཚེས༡༦ཉིན། ཁྲི་ཀ་རྫོང་གེ་སར་རིག་གནས་བརྒྱུད་སྒྲོག་ལྟེ་གནས་དེ་ཁྲི་ཀ་རྫོང་གེ་སར་ནོར་བུ་གླིང་དུ་སྒོ་བྱང་བཀལ་བའི་མཛད་སྒོ་བསྡུས་པ།
        ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རྒྱལ་ཡོངས་ཀྱི«གླིང་སྒྲུང»མགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་མཚོ་སྔོན་ཞིང་ཆེན་གྱི«གླིང་སྒྲུང»ལོ་རྒྱུས་སྙན་ངག་རིག་གནས་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་ཁྲི་ཀ་རྫོང་གེ་སར་རིག་གནས་བརྒྱུད་སྒྲོག་ལྟེ་གནས་བཙུགས་པར་རྟེན་འབྲེལ་གྱི་འཕྲིན་ཡིག་སྤྲིངས་པ་དང་། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་དེ་བཞིན་མཚོ་ལྷོ་ཁུལ་གྱི་གླིང་སྒྲུང་རིག་གནས་རྒྱུན་འཛིན་པ་སོགས་སྒོ་བྱང་བཀལ་བའི་མཛད་སྒོའི་སྟེང་ཞུགས་པ་རེད།
        ཤེས་རྟོགས་བྱུང་བ་ལྟར་ན། «གླིང་སྒྲུང»ནི་བོད་ཀྱི་དཔའ་བོ་གེ་སར་རྒྱལ་པོའི་ངོ་མཚར་གྱི་ལོ་རྒྱུས་བརྗོད་པའི་རྩོམ་རིག་གི་བརྩམས་ཆོས་ཤིག་ཡིན་པ་དང་། འཛམ་གླིང་ཐོག་ཡིག་འབྲུ་ཆེས་མང་ཤོས་ཀྱི་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་ཅིག་ཡིན་ལ། ༢༠༠༩ལོར“གེ་སར(སི)གྱི་ལོ་རྒྱུས་མཚོན་པའི་སྙན་ངག་གི་སྲོལ་རྒྱུན་དེ”མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི«མིའི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོའི»ནང་ཚུད་པ་དང་། ཁྲི་ཀ་རྫོང་དུ་གླིང་སྒྲུང་གི་རྗེས་ཤུལ་དང་ངག་རྒྱུན་མང་པོ་ཡོད་པ་དང་། དེ་འབྲེལ་གླིང་སྒྲུང་རིག་གནས་བརྒྱུད་སྤེལ་ལྟེ་གནས་བཙུགས་པ་དེས་ཞིབ་འཇུག་ཁང་དང་དམངས་ཁྲོད་རིག་གནས་སྲུང་སྐྱོང་པའི་བར་ལ་འབྲེལ་གཏུག་བྱེད་པའི་སྟེགས་བུ་ཞིག་བསྐྲུན་པ་དང་།  དེ་ཡིས«གླིང་སྒྲུང»ཞིབ་འཇུག་གི་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུར་དངོས་ཡོད་ཀྱི་དོན་སྙིང་ལྡན་པ་རེད།
        མངོན་མིན་ཤུལ་བཞག་རིག་གནས་ནི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཐོན་ཁུངས་ཤིག་ཡིན་པ་དང་། རང་ཁུལ་གྱིས་མངོན་མིན་ཤུལ་བཞག་རིག་གནས་གསར་གཏོད་ཐོན་ལས་གླིང་དང་ཁྱད་ལྡན་གྲོང་རྡལ་ཆུང་གྲས། ཤུལ་བཞག་རིག་གནས་སྲུང་སྐྱོང་རྒྱུན་འཛིན་རྟེན་གཞི་སོགས་སྲུང་སྐྱོང་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་མངོན་མིན་ཤུལ་བཞག་རིག་གནས་རྣམ་གྲངས་ཁག་གཅིག་ལ་སླར་ཡང་གསོན་ཤུགས་འཕེལ་ཡོད་པ་དང་། མིག་སྔར་ཁུལ་ཡོངས་སུ་རིགས་མི་འདྲ་བའི«གླིང་སྒྲུང»སྒྱུ་རྩལ་པ༡༧༦དང་གླིང་སྒྲུང་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཚོགས་པ༡༠ཡོད་ཅིང་། ཁོང་ཚོས་རང་ངོས་ལ་དམིགས་བསལ་དུ་ཡོད་པའི་བྱ་ཐབས་ཐོག་ནས«གླིང་སྒྲུང»གི་རིག་གནས་སླར་གསོ་དང་རྒྱུན་འཛིན་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།