༄༅། །བརྙན་འཕྲིན་བརྩམས་ཆོས་གསར་རྩོམ་ལས་སྤྱི་ཕན་ལ་བཅངས་པའི་མི་ཚེའི་གདམ་ག
རྩོམ་པ་པོ།:རྐ་ཕུག་བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-02-25
ཀློག་གྲངས།:
༄༅། །བརྙན་འཕྲིན་བརྩམས་ཆོས་གསར་རྩོམ་ལས་སྤྱི་ཕན་ལ་བཅངས་པའི་མི་ཚེའི་གདམ་ག
---དོན་བསོད་བརྙན་ཟློས་ལས་ཤག་ཁང་གི་བརྩམས་ཆོས་གྲུབ་འབྲས་གླེང་བའི་ཚོགས་འདུའི་སྟེང་གི་གཏམ་བཤད།
གཏམ་འཆད་མཁན། རྐ་ཕུག་བསོད་རྡོ།
གུས་པར་འོས་པའི་འགོ་ཁྲིད་རྣམ་པ། སྐུ་མགྲོན་རྣམ་པ། གྲོགས་པོ་རྣམ་པ།
ཁྱེད་རྣམ་པ་སྔ་དྲོ་བདེ་ལེགས། ཁྱེད་རྣམ་པས་དཀའ་ལས་སྐུ་ཚེགས་ལ་མ་འཛེམ་པར་དེ་རིང་གི་ཚོགས་འདུ་འདིར་ཕེབས་ནོ་ངོ་མའི་སེམས་གཏིང་ནས་བཀའ་དྲིན་ཆེ། འོ་ལགས་སོ། ད་དེ་རིང་གི་དོན་བསོད་བརྙན་ཟློས་ལས་ཤག་ཁང་གི་བརྩམས་ཆོས་ཀྱི་གྲུབ་འབྲས་གླེང་བའི་ཚོགས་འདུ་ཟེར་བ། ད་ང་རང་ཉིད་ལ་མཚོན་ན་གླེང་གཞི་འདིའི་ངོས་ཐད་ནས་གྲུབ་འབྲས་བཤད་དགོས་ཟེར་ན་ངོ་མ་ཅན་གྱིས་གླེང་ས་མི་འགྲོ་ནི་ཞིག་རེད་འདོད་ཡོད། གླེང་ས་མི་འགྲོ་ནོ་ད་ལས་ཤག་ཁང་གི་འགན་འཛིན་པ་སྐུ་ཞབས་དོན་ཚེ་ལགས་ཀྱིས་གསལ་བོར་ཤེས་ནི་མི་ཚད། ངའི་ལས་གྲོགས་ཚོས་ཀྱང་འདིའི་སྐོར་གྱི་གཏམ་རྒྱུད་གསལ་བོར་ཤེས་ནི་རེད།

རྒྱུ་མཚན་ཡིན་ན་ད་ང་རང་ཉིད་ཀྱི་བརྩམས་ཆོས་ཟེར་དགོས་རྒྱུ་རེད་ལ། སྤྱིར་བརྩམས་ཆོས་ཟེར་ན་མྱིང་གི་ཐད་ནས་བལྟོས་ན་ཅུང་ཆེ་སོང་བཟི་ར། ཡང་བརྩམས་ཆོས་ལ་ལ་ཞིག་ལ་མཚོན་ན་རྒྱུན་ལྡན་གྱི་ལས་རྐང་སྟེ་གསར་འགྱུར་དང་ཆེད་སྒྲིག་སོགས་ལས་ཅུང་རྒྱ་ཆེ་བར་བརྩམས་པ་ཡིན་ཟེར་བཞིན་པའི་བརྙན་འཕྲིན་ཟློས་གར་དང་ཡང་ན་མུ་འབྲེལ་ཟློས་གར་གྱི་རྣམ་པའི་སྒོ་ནས་ནང་དོན་དང་སྒྲོམ་གཞི་སོགས་ཅུང་རྙོག་འཛིང་ཡིན་པ། དེའི་མི་ཚད་མི་ཤུགས་དང་རྒྱུ་ཤུགས་སོགས་གང་རུང་ནས་དཀའ་ཁག་ཡོད་པ་དག་ལ་མཚོན་ན། མང་ཆེ་བ་ནི་དོན་བསོད་བརྙན་ཟློས་ལས་ཤག་ཁང་འདི་མེད་པའི་ཡར་སྔོན་ལ་སྐབས་རིམ་སོ་སོའི་ལས་ཁུངས་ཀྱི་འགོ་ཁྲིད་དག་གིས་ཐུགས་བཀོད་རྒྱབ་སྐྱོར་དང་ལས་གྲོགས་ཀྱིས་རོགས་རམ། ཡང་ན་ལས་རིགས་གཞན་དང་ལས་ཁུངས་གཞན་ལ་མཉམ་འབྲེལ་དང་རོགས་རམ་འོག་གསར་རྩོམ་བྱས་པ་ཏག་ཏག་ཡིན་པས། ལས་ཤག་ཁང་ལ་གོ་ཆོད་ཐུབ་མེད་ཟེར་བ་དེ་གཅིག་ཡིན། ཡིན་ཡང་ལས་ཤག་ཁང་འདི་ལ་མཚོན་ན་སྤྱི་ལོ༢༠༡༦ལོར། ཐོག་མར་རེ་འདུན་ཞུ་ཡིག་འབྲི་སྐབས་ཁོ་བོ་རང་ཉིད་དངོས་སུ་ལས་དེར་ཞུགས་ཏེ། རྒྱུ་ཆ་ཞུ་འབུལ་དང་དག་བཅོས་ཡར་སྤྲོད་སོགས་ཀྱི་འགྲོ་ལུགས་ཡོད་ཚད་བསྒྲུབས་པ་ཡིན་ལ། སྐབས་དེར་ལས་ཤག་ལ་ཁོངས་མི་མི་དགུ་ཡོད་པས། ལས་ཤག་གི་ཆོག་མཆན་ལ་རེ་སྒུག་བྱས་ལ་མཐར་དོན་སྨིན་ཡང་བྱུང་ཡོད།
རྗེས་སུ་སྤྱི་ལོ༢༠༡༧ལོར་ལས་ཤག་ལ་ཆོག་མཆན་ཐོབ་པ་དང་ལས་ཤག་ཁང་ལ་སྐུ་ཞབས་དོན་ཚེ་ལགས་ཀྱིས་ཐེ་ཇུས་བྱས་པ་ནས་བཟུང་། ཁོ་བོས་ལས་ཤག་ཁང་གི་ལས་ཀའི་ཐད་ནས་ནུས་པ་ཅི་ཡང་འདོན་ཐུབ་མེད་ལ། བརྩམས་ཆོས་གསར་རྩོམ་ཐད་ནས་ཀྱང་རང་རྐྱ་འཕེར་བའི་ལས་ཀ་ལས་མེད་པས། ལས་ཤག་ཁང་གི་མིང་གི་འཕེལ་རྒྱས་ཐད་རོགས་རམ་འདེགས་ཀྱི་ནུས་པ་འདོན་ཐུབ་མེད་ཟེར་བའང་དེའི་དོན་ཡིན། ལས་ཤག་ཁང་གི་གྲུབ་འབྲས་འདི་ང་རང་ཉིད་ལ་མི་འོས་ཟེར་དོན་ཡང་འདི་ཡིན་བསམ་གྱིན་ཡོད། རྒྱུ་མཚན་ང་རང་ཉིད་ཀྱི་མི་ཚེར་མཚོན་ན་དོན་དངོས་དང་དྲང་བདེན་ལ་བསྟུན་རྒྱུར་འབད་བརྩོན་བྱེད་པའི་མི་བུ་ཞིག་ཡིན་པས། རང་ཉིད་ཀྱིས་མ་བསྒྲུབས་པ་ཞིག་དང་རང་ཉིད་ཀྱིས་ནུས་པ་མ་བཏོན་པ་གང་ཞིག་རང་ཉིད་ཀྱི་ཡིན་ཁུལ་བྱེད་པ་ནི་མིའི་རང་བཞིན་ཅན་མ་ཡིན་པ་ནི་ངེས་པར་དུ་ཤེས་དགོས་སྙམ་ཡོད་པ་དེ་གཅིག་ཡིན། ཡིན་ཡང་། ཉེ་ལམ་གྱི་བརྩམས་ཆོས་གསར་བ་ཞིག་གི་ངོས་ཐད་ནས་བཤད་ན་ལས་ཤག་ཁང་ལ་ཅིས་ཀྱང་བཀའ་དྲིན་ཞུ་འོས། དེ་ནི་དེ་རིང་གི་འགྲེམ་སྤེལ་བྱེད་བཞིན་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར༼ནར་སོན་གྱི་ལོ་ཟླ༽ཟེར་བ་འདི་ཡིན། བརྩམས་ཆོས་འདི་སྤྱི་ལོ༢༠༡༥ལོའི་སྤྱི་ཟླ་ལྔ་བར་ཕབ་སྐྲུན་བྱས་པ་ཡིན་ལ། ལོ་ངོ་ལྔའི་རིང་གི་དཀའ་ཚེགས་བརྒྱུད་དེ། ན་ནིང་གཞེས་ནིང་སྟེ་སྤྱི་ལོ༢༠༢༠ལོའི་ཟླ་དྲུག་པར་ལེགས་འགྲུབ་བྱུང་སྟེ། རྒྱལ་ཡོངས་སུ་དངོས་སུ་གཏོང་སྤེལ་བྱེད་ཐུབ་ཡོད། ཡིན་ཡང་། རྗེས་སུ་བརྩམས་ཆོས་འགྲེམ་སྤེལ་ཐད་མ་དངུལ་གྱི་དཀའ་ཁག་ལ་འཕྲད་ཡོད་པར། བརྩམས་ཆོས་འདིའི་བརྙན་སྐྲུན་གྱི་ལས་འགན་གྲལ་ལ་ཞུགས་ཡོད་པའི་སྐུ་ཞབས་དོན་ཚེ་ལགས་དང་མཐུན་སྦྱོར་བྱས་ནས་ལས་ཤག་ཁང་གིས་བརྩམས་ཆོས་འདིའི་མཇུག་གི་འགྲེམ་སྤེལ་ལས་རིམ་ལ་རོགས་རམ་བྱེད་ཆོག་པའི་རེ་བ་ལྟར་དེ་རིང་གི་འགྲེམ་སྤེལ་ཉིན་འདི་བསླེབས་པ་ཡིན། དེ་བས། ༼ནར་སོན་གྱི་ལོ་ཟླ༽ནི་ངེད་ལས་ཤག་ཁང་བཙུགས་པའི་ཚུན་གྱི་བརྩམས་ཆོས་ཆེ་གྲས་དང་བརྩམས་ཆོས་ཚད་ལྡན་གཅིག་པུ་ཡིན་ཟེར་ཡང་ཆོག་སྙམ་ཡོད།
ད་མཚམས་འདི་ནས་ལས་ཤག་ཁང་དང་ངེད་ཀྱི་བརྩམས་ཆོས་སྐོར་ནས་དེ་ཙམ་ཞུ་ལ། ཁོ་བོ་རང་ཉིད་གསར་འགྱུར་ལས་རིགས་དང་ཡང་བརྙན་འཕྲིན་ལས་ཀ་བ་ཞིག་གི་ངོས་ཐད་ནས། བརྙན་འཕྲིན་གསར་འགྱུར་ལས་རྐང་གཙོ་བྱས་ཏེ། བརྙན་འཕྲིན་བརྩམས་ཆོས་གསར་རྩོམ་གྱི་ལས་ལ་འབད་པའི་བརྒྱུད་རིམ་མདོར་བསྡུས་ཤིག་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུ་བྱ། ད་ང་རང་ཉིད་ལ་མཚོན་ན་སློབ་ཆེན་ནས་མཐར་ཕྱིན་མ་ཐག་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང༼ད་ལྟའི་ཨ་མདོ་བརྙན་འཕྲིན༽དུ་བརྙན་འཕྲིན་གསར་འགྱུར་གཙོས་བརྙན་འཕྲིན་གྱི་ལེ་ཚན་རིགས་མཐའ་དག་ལ་སྦྱང་བ་བྱས་པ་ཡིན་ལ། ལྷག་པར་ཆེད་སྒྲིག་དང་རིག་རྩལ་ལེ་ཚན་གྱི་རྨང་གཞི་འདིང་བར་ཤུ་རེ་བྱས་པ་ཡིན། རྗེས་སུ་སྤྱི་ལོ༢༠༠༨ལོར་སྔ་གཞུག་ཏུ་ལེ་ཚན་གསར་བ་དང་རིག་རྩལ་དགོང་ཚོགས། གློག་བརྙན་འཕྲིན་ཟློས་གར་གསར་རྩོམ་གྱི་ཚན་ཆུང་དུ་ཞུགས་པའི་གོ་སྐབས་བྱུང་བས། རང་ཉིད་ཀྱིས་ཀྱང་གོ་སྐབས་དམ་འཛིན་བྱས་ནས་སློབ་སྦྱོང་ལ་ཤུ་རེ་བྱས་པ་ཡིན། དེ་དག་ལ་བག་ཆགས་ཟབ་མོ་བཞག་པའི་རྨང་གཞིའི་སྟེང་རང་ཉིད་ཀྱིས་ཀྱང་རིམ་བཞིན་བརྙན་འཕྲིན་བརྩམས་ཆོས་གསར་རྩོམ་གྱི་ལས་ལ་འཇུས་པ་ཡིན།

སྤྱི་ལོ༢༠༡༠ལོར་མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ལས་གནས་སྤར་བ་ཡིན། ལས་རྐང་ལ་ཞུགས་རྗེས་དྲང་མོར་བཤད་ན། ཞིང་ཆེན་ན་ཡོད་དུས་ལྟ་བུ་ཞིག་མ་ཡིན་པར། སྐབས་དེར་མཚོ་ནུབ་ཏུ་བོད་སྐད་བརྙན་འཕྲིན་གྱི་གསར་འགྱུར་ལེ་ཚན་ཐོག་མར་གཏོང་མགོ་ཚུགས་པ་ཡིན་པས། དུས་ཚོད་ལ་བྲེལ་བ་མི་ཆེ་ལ། ལེ་ཚན་ལ་མཚོན་ནའང་གསར་འགྱུར་སྐར་མ་བཅོ་ལྔ་ཡས་མས་ཙམ་ལས། རང་སྒྲུབ་སོགས་ལེ་ཚན་གཞན་སྒྲུབ་རྒྱུ་མེད། དེ་བས། ཁོ་བོས་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་བརྙན་འཕྲིན་ཟློས་གར་གཙོས་དངོས་བྲིས་དང་ཆེད་སྒྲིག་སོགས་ཀྱི་བརྙན་འཕྲིན་བརྩམས་ཆོས་གསར་རྩོམ་གྱི་ལས་ལ་སྔར་བས་འབད་བརྩོན་བྱས་པ་ཡིན། སྔ་གཞུག་ཏུ་བརྙན་འཕྲིན་བརྩམས་ཆོས་འགའ་ལས་མྱོང་ལ། གྲུབ་འབྲས་ཀྱང་བླངས་མྱོང་། དེ་དག་ལས་འདིར་བརྩམས་ཆོས་ཆེ་གྲས་ཟེར་དགོས་རྒྱུ་རེད་ལ། བརྙན་འཕྲིན་ཟློས་གར༼མུ་འབྲེལ་ཡང་ཡོད༽། ༼མཐའ་མཇུག་གི་སྦྲ་ནག༽དང༼སྐྱིད་སྡུག་གི་ལོ་ཟླ༽། ༼ནར་སོན་གྱི་ལོ་ཟླ༽གསུམ་གྱི་ཐད་ནས་རྣམ་པ་ལྷན་རྒྱས་ལ་གསར་རྩོམ་བརྒྱུད་རིམ་སོགས་ཀྱི་ཐད་ནས་ཡར་ཞུ་མདོར་ཙམ་ཞིག་ཞུ། ༼མཐར་མཇུག་གི་སྦྲ་ནག༽ལ་མཚོན་ན་ལེའུ་གཉིས་ཡོད། སྤྱི་ལོ༢༠༡༡ལོར་ཕབ་སྐྲུན་ལེགས་འགྲུབ་བྱུང་བ་ཡིན། བརྗོད་བྱའི་ཐད་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་། ལྷག་ཏུ་གཟུགས་འདས་ཤུལ་བཞག་རིག་གནས་ལ་མཐོང་ཆེན་བྱས་ཏེ། དེང་རབས་རིག་གནས་དང་སྲོལ་རྒྱུན་རིག་གནས་འཆམ་མཐུན་མཉམ་གནས་བྱེད་པར་འབོད་སྐུལ་བཏང་ཡོད། ༼སྐྱིད་སྡུག་གི་ལོ་ཟླ༽ནི་སྤྱི་ལོ༢༠༡༣ལོར་ཕབ་སྐྲུན་ལེགས་འགྲུབ་བྱུང་བ་ཡིན། ལེའུ་ལྔ་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་འདི་ནི་ཨེ་ཙེའི་རིམས་ནད་སྔོན་འགོག་དང་མ་བུ་བདེ་སྲུང་ལ་དོ་ཁུར་བྱས་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་མཐོ་རུ་གཏོང་བ་དང་། ལྷག་ཏུ་བདེ་ཐང་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་དོ་སྣང་དང་མི་རབས་རྗེས་མ་བདེ་ཐང་ངང་གསོ་སྐྱོང་བྱེད་པར་འབོད་སྐུལ་བྱས་ཏེ། ཨེ་ཙིའི་རིམས་ནད་ཀྱིས་ཁྱིམ་ཚང་དང་སྤྱི་ཚོགས་ལ་གཙེས་བའི་ཆག་འཇིག་དང་སྡུག་བསྔལ་ལ་ཅོང་བརྡ་བརྒྱབ་ཡོད་ལ། འདི་ནི་རྒྱལ་ཡོངས་བོད་ཁུལ་གྱི་ཨེ་ཙིའི་རིམས་ནད་སྔོན་འགོག་དྲིལ་སྒྲོག་ཐད་ཀྱི་བོད་སྐད་ཀྱི་བརྩམས་ཆོས་ཐོག་མར་གྱུར། ༼ནར་སོན་གྱི་ལོ་ཟླ༽ནི་སྤྱི་ལོ༢༠༡༥ལོའི་སྤྱི་ཟླ༥བར་ཕབ་སྐྲུན་བྱས་ཤིང་། སྤྱི་ལོ༢༠༢༠ལོའི་སྤྱི་ཟླ༦པར་ལེགས་འགྲུབ་བྱུང་བ་ཡིན། ལེའུ་དྲུག་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་འདི་ནི་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ནས་ཞིབ་བཤེར་ཆོག་མཆན་གནང་སྟེ་ལག་རྟགས་ཆ་ཚང་ཐོབ་པའི་རྒྱལ་ཡོངས་ཀྱི་སྐབས་ཐོག་མའི་བོད་སྐད་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཡིན་ལ། བཅིངས་འགྲོལ་བྱས་པའི་ཚུན་ལ། བོད་སྐད་མུ་འབྲེལ་བརྙན་འཕྲིན་ཟློས་གར་གྱི་ལོ་རྒྱུས་སྟེང་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ནས་ཞིབ་བཤེར་ཆོག་མཆན་འོག འགྲོ་ལུགས་ལག་རྟགས་ཆ་ཚང་ཐོབ་པའི་གསར་རྩོམ་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཡིན་ཞིང་། འདི་ནི་མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་དུས་རབས་གསར་བར་བསམ་བློ་གསར་བ་གླེང་ཏེ། དུས་རབས་གསར་བའི་ནང་སྤུས་ལེགས་བརྩམས་ཆོས་གསར་རྩོམ་བྱ་བའི་ཐད་ཡང་བསྐྱར་གྲུབ་འབྲས་བླངས་པ་མཚོན་ཡོད། མུ་འབྲེལ་བརྙན་འཕྲིན་ཟློས༼ནར་སོན་གྱི་ལོ་ཟླ༽ཡི་ནང་དུ་མིའི་རིགས་ཀྱི་ལས་དབང་གཞི་གཅིག་ཅན་གྱི་བྱ་གཞག་སྟེ། མིའི་རིགས་ངེས་པར་དུ་བརྒྱུད་དགོས་པའི་སློབ་གསོའི་ཁོར་ཡུག་གསུམ་གྱི་མི་ཚེའི་འགྲུལ་བཞུད་ཁྲོད། སློབ་གསོའི་ཁོར་ཡུག་གང་ཞིག་གིས་ང་ཚོའི་ནར་སོན་གྱི་ལོ་ཟླ་ལ་གཙེས་པའི་སྐྱོ་གར་དང་། ཕུགས་འདུན་ལམ་ཁའི་ཁྲོད་འཕྲད་པའི་མངར་སྐྱུར་ཚ་གསུམ་གྱི་གཏམ་རྒྱུད་བརྗོད་ཡོད་ལ། སློབ་གསོ་ཁྲིམས་ཀྱིས་བསྐྱངས་ཏེ། ཁྲིམས་ལུགས་ནི་ཡོད་ཚད་ཀྱི་རྒྱབ་རྟེན་ཡིན་པ་བརྗོད་ཡོད།

གོང་གི་བརྙན་འཕྲིན་ཟློས་གར་འདི་དག་ནི་ཁོ་བོས་དུས་རབས་གསར་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་གཞིགས་ཏེ། བོད་ཡུལ་གྱི་ཁ་ཚ་དགོས་གཏུགས་དང་། དགོས་མཁོ་མཚོན་པའི་སྲོལ་རྒྱུན་རིག་གནས་ཀྱི་གནས་བབ། མི་ལུས་བདེ་ཐང་གི་སྐྱོ་ངལ། རིག་གནས་སློབ་གསོའི་རིན་ཐང་སོགས་བརྗོད་པའི་སྤྱི་ཕན་བརྩམས་ཆོས་ཆེ་གྲས་དག་ཡིན་ལ། ཁོ་བོས་བརྙན་འཕྲིན་ཟློས་གར་ཕྱོགས་ལ་ཤུགས་བརྒྱག་དོན་ཡང་དེང་གི་དུས་ལ་བོད་འབྲེལ་ས་ཁུལ་གྱི་བརྙན་འཕྲིན་ཁང་སོ་སོ་དང་བོད་ཀྱི་གློག་བརྙན་འཕྲིན་ལས་རིགས་ཀྱི་སྤྱི་གཉེར་ཁང་སོ་སོས་བོད་སྐད་ཀྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་གསར་རྩོམ་ལམ་བུ་སྟོང་ཆར་ལུས་ཡོད་པའི་གནས་བབ་ལ་ཁ་བསྐང་བ་ཙམ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་རིག་རྩལ་ནི་དུས་རབས་མདུན་སྐྱོད་ཀྱི་འབོད་སྐུལ་ཡིན་པའི་དགོངས་དོན་གལ་ཆེན་དངོས་འབེབས་ལ་ཤུགས་བསྣན་པའང་ཡིན་ནོ། །

ལས་འདི་འདྲ་སྒྲུབ་དགོས་པའི་དམིགས་ཡུལ་ཡང་། རང་ཉིད་ཕལ་བའི་མི་ཞིག་གི་ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བ་ཡིན་ཏེ། དང་པོ་རང་ཉིད་བརྙན་འཕྲིན་ལས་རིགས་ལ་དགའ་བའི་མི་བུ་ཕལ་བ་ཞིག་ཡིན་ལ། ལས་རིགས་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་ལས་ཀ་ཞིག་བསྒྲུབ་བསམ་པ་ཁོ་ན་ལས། རང་ཉིད་དྲིལ་སྒྲོག་དང་རང་ཉིད་འུད་སྒྲོག་བྱས་ཏེ་ངོ་སོ་ཁོ་ན་ལས་མི་ཚེ་ཟད་གྲོན་བྱེད་རྒྱུ་དེ་མ་ཡིན། གཉིས་པ་རང་ཉིད་ཀྱིས་དུས་རྒྱུན་འདི་ལྟར་བསམ་བཞིན་ཡོད་དེ། ངས་ལས་ཀྱིན་པ་ནི་སྒེར་གྱི་གདམ་ཀ་ཡིན་རུང་ཐུན་མོང་གི་བསམ་གཞིག་ཀྱང་ཡིན་པར་འདོད་དེ། འདིའི་ཐད་ནས་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་ལགས་ཀྱིས་ཁོ་བོར་སྐུལ་ལྕག་གི་ཚིག་ལྔ་གནང་མྱོང་བ་ཀུན་པོར་བརྗོད་ལ་ངའི་ཞུ་མཚམས་ཀྱང་འཇོག་པར་བྱའོ། །
གཅིག ཕལ་བའི་མིག་ཟུང་ལ་འཁོར་བའི་བོད་ཀྱི་སྐྱིད་སྡུགགཉིས། ཕལ་བའི་སྤྱི་ཚོགས་ལ་ཁ་གཏད་པའི་སྒྱུ་རྩལ་གྱི་གསར་གཏོད།
གསུམ། ཕལ་བའི་ཐབས་ཤེས་ལ་འདྲིས་པའི་བབ་ཆགས་དྲང་བརྗོད་ཀྱི་ཐབས་ལམ།
བཞི། ཕལ་བའི་མི་སེར་ལ་ཁ་ཕྱོགས་པའི་ཞབས་ཞུའི་སྙིང་སྟོབས།
ལྔ། ཕལ་བ་ཐུན་མོང་གི་སྤྱི་ཕན་ལས་སྒོ་སྙེག་པའི་ཕུགས་བསམ་པའི་རང་གཤིས།
འདི་ནི་ངས་རྟག་ཏུ་ལས་རྐང་ལ་བཟུང་བའི་རྣམ་འགྱུར་རམ་ལས་ཀ་ཡོད་ཚད་སྒྲུབ་སྟངས་ཤིག་ཡིན་སྲིད་རྒྱུ་རེད་ཅེས་བཤད་ཆོག་སྙམ། ཚང་མར་ཐུགས་རྗེ་ཆེ།
འབྲེལ་ཡོད་འོས་སྦྱོར།