༄༅། །རེབ་གོང་སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་གི་རི་ལམ་བྱ་འགུལ།
རྩོམ་པ་པོ།:
ཡོང་ཁུངས།:རྨ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2022-06-26
ཀློག་གྲངས།:
སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་ལ་ཐུན་རིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཙོ་གཞོན་གྱི་བརྩེ་གཟིགས་དང་། སློབ་གྲྭས་མཐར་ཕྱིན་སློབ་མའི་རི་ལམ་བྱ་འགུལ་སྤེལ་པའི་སྐོར།

ཉེ་ལམ། ཐུན་རིན་གྲོང་ཁྱེར་སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་དང་ཡན་ལག་གཉན་ཐོག་བྱིས་སྐྱོང་གླིང་། རྐ་གསར་བྱིས་སྐྱོང་གླིང་བཅས་ཀྱིས་ཚོགས་ཆེན་ཉི་ཤུ་བ་བསུ་བ་དང་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་མཛད་སྒོ་གཉིས་མཉམ་དུ་སྤེལ་ཡོད་པ་དང་། མཛད་སྒོའི་སྟེང་གྲོང་ཨུའི་ཧྲུའུ་ཅི་བསྟན་འཛིན་ལགས་དང་ཧྲུའུ་ཅི་གཞོན་པ་ཁྲུན་ཅོན། སློབ་གསོའི་ཅུས་ཀྲང་དཀོན་མཆོག་སྐྱབས་བཅས་སྔ་རྗེས་སུ་ཕེབས་ནས་སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་ལ་སློབ་མའི་མཁོ་ཆས་དང་སྒོར5000བཅས་འཚམས་འདྲིའི་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད། དབུ་ཁྲིད་འཁོར་བཅས་ཀྱིས་སློབ་གྲྭའི་སྒྲིག་ཆས་མ་ལག་དང་སློབ་གསོའི་ཁ་ཕྱོགས་བཅས་ལ་ཞིབ་གཟིགས་དང་རྒྱུས་ལོན་གཏིང་ཟབ་གནང་བ་དང་གདེང་འཇོག་ཡག་པོ་གནང་ཡོད་འདུག

བྱ་འགུལ་གྱི་ཡུལ་དངོས།

བྱ་འགུལ་གྱི་ཡུལ་དངོས།
2022ལོའི་ཟླ6པའི་ཚེས15ཉིན། དབྱར་ཁའི་རི་ལུང་ཐང་གསུམ་དུ་རྩི་ཤིང་གི་འདབ་རྒྱ་གྲོལ་ཞིང་མེ་ཏོག་གི་འཛུམ་ཁ་ལྷུག་པོར་བཞད་པའི་སྐབས་དང་བསྟུན་ཐུན་རིན་གྲོང་ཁྱེར་སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་དང་ཡན་ལག་གཉན་ཐོག་བྱིས་སྐྱོང་གླིང་། རྐ་གསར་བྱིས་སྐྱོང་གླིང་བཅས་ཀྱིས་མཐར་ཕྱིན་སློབ་མ་རྣམས་ལ་དཀའ་སྡུག་དང་ངལ་དུབ་ཁྲོད་ནས་སློབ་གསོ་འཚོལ་བ་ཞེས་པའི་བྱ་འགུལ་ཞིག་སྤེལ་འདུག

སྐྱེ་དངོས་སྣ་ཚོགས་ངོས་འཛིན་བྱེད་པ།


སྐྱེ་དངོས་སྣ་ཚོགས་ངོས་འཛིན་བྱེད་པ།
བྱིས་པ་ཚོར་མཚོན་ན་སློབ་གསོའི་བྱེད་སྒོ་མཐའ་དག་སློབ་གྲྭའི་ཁོར་ཡུག་ཁོ་ན་ནས་སྤེལ་བ་ལས། ལུས་ཁམས་སྙོམ་སྒྲིག་དང་ལུས་ཀྱི་ཤ་རྒོད་དང་ཀླད་རྩའི་འགུལ་བསྐྱོད་སོགས་ལ་སྦྱོང་བརྡར་བྱེད་ཆེད་རི་ལུང་ཐང་གསུམ་དུ་བསྐྱོད་ནས་དཀའ་སྡུག་མྱོང་དུ་བཅུག་སྟེ་བསམ་གཞིགས་ཀྱི་ནུས་པ་སྐྱེད་སྲིང་དང་། རང་བྲོ་རྒྱབ་ལ་འཁུར་ནས་རང་ལམ་རྡོག་པས་གནོན་པའི་དཀའ་སྡུག་གི་ཁྲོད་ནས་མཐོང་ཐོས་མི་འདྲ་བ་དང་བསམ་གཞིགས་མི་འདྲ་བ་སྐྱེ་རུ་འཇུག་པ། རྩི་ཤིང་དང་མེ་ཏོག་གི་མིང་དང་བྱེད་ནུས་སོགས་ངོས་འཛིན་པ། རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་ལ་ལོངས་སུ་སྤྱོད་པ། གོ་རེ་དང་ཆུ་རྐྱང་ལས་ཞོར་ཟས་གཞན་གཅིག་ཀྱང་འཁྱེར་མི་ཆོག་པ་བྱས་ཏེ་ཟས་རིགས་ལ་དཀོན་པའི་འདུ་ཤེས་སྐྱེ་རུ་འཇུག་པ་སོགས་ཧ་ཅང་གལ་ཆེ་བར་དམིགས་ནས་བྱ་འགུལ་འདི་སྤེལ་བ་ཡིན་འདུག

ངལ་གསོའི་ཁྲོད་ཀྱི་སྤྲོ་སྣང་།

བྱ་འགུལ་འདིར་སློབ་མ213དང་དགེ་རྒན35ཞུགས་ཡོད་པ་དང་། སློབ་གྲྭས་སློབ་མ་རྣམས་ཀྱི་བདེ་འཇགས་ཆེད་ཉེན་འགོག་དང་ཆར་ལྭ། ཉི་འགོག་ངོ་སྣུམ་སོགས་གྲ་སྒྲིག་བྱས་འདུག་པ་མ་ཟད། དགེ་རྒན་གཅིག་རེས་བྱིས་པ་དྲུག་རེར་བདག་སྐྱོང་དང་བཅས་རྒྱལ་བོ་སྒང་སྡེ་བ་ནས་སྟག་ལུང་རི་འདབས་བར་སྤྱི་ལེ་ཉི་ཤུ་ལྷག་ལ་རྐང་བགྲོད་ཀྱིས་ཕྱིན་ཡོད་པ་དང་། སློབ་མ་བཞི་རེ་ཁྱིམ་བདག་གཅིག་གིས་རྒྱལ་བོ་སྒང་སྡེ་བའི་བར་དུ་བསྐྱལ་ཡོད་འདུག བྱ་འགུལ་ལ་ཞུགས་མཁན་གྱི་དགེ་སློབ་ཚོས་ཇ་ཐུན་གཅིག་ལ་འདང་ཙམ་གྱི་གོ་རེ་དང་ཇ་ཕོར་དུ་ཆུ་འཁྱེར་ནས་འགྲོ་བ་ལས། རྩི་ཤིང་མེ་ཏོག་སོགས་འཇོག་བྱེད་ཀྱི་འགྱིག་ཁུག་རེ་ལས་ཞོར་ཟས་དང་སྐོམ་ཆུ་སོགས་འགྱིག་སྣོད་དང་འབྲེལ་བའི་ཅ་ལག་གཅིག་ཀྱང་འཁྱེར་དུ་མ་བཅུག་པར་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ལ་ཡང་ཤུགས་བསྣན་ཡོད་པ་རེད།

སློབ་གཙོ་བསོད་ནམས་རྡོ་རྗེས་རྩི་ཤིང་སྣ་ཚོགས་ངོ་སྤྲོད་གནང་བཞིན་པ།

གསར་འགོད་པའི་བཅར་འདྲི་ལ་ལན་འདེབས་བཞིན་པ།
དགེ་སློབ་དག་དུས་ཚོད་དགུ་ལྷག་གི་རིང་རི་ལམ་དུ་བསྐྱོད་པའི་ལམ་བར་དུ་རྩི་ཤིང་དང་མེ་ཏོག་ས་དེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་སྒོ་ཟོག་སོགས་ངོ་སྤྲོད་ཞིབ་རྒྱས་སུ་གནང་ཡོད་པ་མ་ཟད། «སྨན་གྱི་འཁྲུངས་དཔེ་ཤེལ་དཀར་མེ་ལོང»དུ་གསལ་བའི་གཅིག་གྱུར་གྱི་མིང་བརྡ་ཐ་སྙད་ལྟར་ངོ་སྤྲོད་དང་ངོས་འཛིན་གང་ལེགས་གནང་ཡོད་པས་བྱ་འགུལ་ལ་ཞུགས་པའི་སློབ་མ་རྣམས་ལ་མཚོན་ན་ཆེས་སྤྲོ་སྣང་ལྡན་པའི་བྱ་འགུལ་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད་པ་ལྟར་ཁྱིམ་བདག་དག་གིས་ཀྱང་དགའ་བསུ་ཆེས་ཆེར་བྱས་ཡོད་འདུག “ཁྱིམ་བདག་དག་ལ་མཚོན་ན་ཡང་རང་རང་གི་བྱིས་པར་གདེང་འཇོག་ཇི་ལྟར་བྱེད་ཐུབ་ན་དེ་ལྟར་ལས་གང་ལའང་འཇུག་ནུས་པར་སྙམ་པའི་འདུ་ཤེས་སྐྱེ་རུ་བཅུག་པ་དང་། བྱིས་པ་དག་ལ་མཚོན་ན་ཡང་རི་ལུང་ཐང་གསུམ་ནས་བྱ་དངོས་མང་པོ་ཞིག་མྱོང་རྟོག་བྱེད་པའི་གོ་སྐབས་བྱུང་བ་ནི་ལོ་ངོ་གསུམ་གྱི་རིང་གི་སློབ་གྲྭའི་འཚོ་བའི་ཁྲོད་ཆེས་བརྗེད་མི་སྲིད་ཅིང་། སློབ་གསོ་བཅོས་བསྒྱུར་གྱི་ཁ་ཕྱོགས་དང་མཐུན་པ། ང་ཚོས་གླེང་རིན་ཡོད་པའི་བྱ་བ་ཞིག་བཅས་ཡིན”ཞེས་སློབ་གཙོ་རླངས་ཚང་བསོད་ནམས་རྡོ་རྗེ་ལགས་ཀྱིས་གསུངས་སོང་། ད་རེབ་ཀྱི་བྱ་འགུལ་འདི་ནི་བྱིས་སྐྱོང་གླིང་གསུམ་པོས་མཉམ་དུ་སྤེལ་བའི་མཐར་ཕྱིན་སློབ་མའི་རི་ལམ་བྱ་འགུལ་ཐེངས་གཉིས་པ་ཡིན་པ་དང་། བྱ་འགུལ་འདིའི་སྐོར་དང་བརྙན་དང་འདྲ་པར་སོགས་རྒྱལ་ཁབ་སློབ་གསོ་པུའུ་ཡིས་གཉེར་བཞིན་པའི་ཀྲུང་གོའི་དགེ་རྒན་ཚགས་པར་དང་ཨ་མདོ་བརྙན་འཕྲིན་ཁང་བཅས་ཀྱིས་དྲ་ལམ་དུ་བཏང་བས་ལྟ་མཁན་མང་པོས་དགའ་མོས་ཆེས་ཆེར་གནང་འདུག
འབྲེལ་ཡོད་འོས་སྦྱོར།