logo

༄༅། །མཚོ་ནུབ་ཁུལ་གྱི་དྲུག་པའི་ཀླུ་རོལ་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་གསོལ་སྟོན་ཐེམ་ཆེན་རྩྭ་ཐང་དུ་རྣམ་པར་བཤམས།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-08-10 ཀློག་གྲངས།:
        མཚོ་ནུབ་ཁུལ་གྱིས2022ལོའི་དྲུག་པའི་ཀླུ་རོལ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མཛད་སྒོ་སྤེལ་བ་དང་བསྟུན་ནས། ཐེམ་ཆེན་རྩྭ་ཐང་དང་པུ་ཧ་ཆུ་བོའི་འགྲམ་ངོགས་སུ་རྩྭ་ཐང་རྒྱས་འཛོམས་ཀྱི་དུས་ཆེན་ཞིག་གི་ཡོ་ལང་རྒྱས་ཏེ། དམངས་རྣམས་དུས་ཆེན་གྱི་དགའ་བའི་དཔལ་ལ་རོལ།
དབུ་འབྱེད་མཛད་སྒོ།
        དྲུག་པའི་ཀླུ་རོལ་གྱི་དབུ་འབྱེད་མཛད་སྒོའི་སྟེང་། རྟ་པ་རུ་ཁག་གིས་ཁ་ཡིག་ལ་ཚོགས་ཆེན་ཉི་ཤུ་བ་དགའ་བས་བསུ། ནམ་ཡང་ཏང་གི་རྗེས་སུ་འབྲང་ཞེས་པའི་འཕྲེད་བྱང་བཟུང་ནས་རྔམ་བརྗིད་ལྡན་པའི་ངང་མདུན་དུ་སྐྱོད་ཅིང་། འབྲོག་པ་མང་ཚོགས་ཀྱིས་དུས་ཆེན་གྱི་ལྭ་བ་གྱོན་ཞིང་བྱིས་པ་དང་རྒན་པ་ཁྲིད་དེ་ཡུལ་དངོས་སུ་སྤྲོ་སེམས་འཁོལ་བར་བྱས་ལ། ལས་བྱེད་ལས་བཟོ་རྣམས་ཀྱིས་སྙིང་སྟོབས་ཆེར་སྐྱེད་ངང་ཡུལ་དངོས་སུ་གནས་མགྲོན་པོ་དང་སྨྱན་བྱེད་ལས་སྣ་དག་བཀོད་སྒྲིག་བྱས་ཏེ་དུས་ཆེན་རྩ་འཛུགས་ཀྱི་དཔུང་རོགས་བྱེད་ཀྱིན་ཡོད། རྟ་རྒྱུག་འགྲན་ར་རུ་རྟ་མཆོག་མང་པོ་ལྷན་འཛོམས་བྱུང་ནས་རྟ་ཐོག་མི་རིགས་ཀྱི་གཟི་ཉམས་མངོན་ཞིང་། བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་སྣ་ཚོགས་ལུས་ཀྱི་རྩལ་ལ་བརྟེན་ནས་རྩྭ་ཐང་གི་བུ་བུ་མོའི་གཟི་བརྗིད་མངོན། ཉིན་གུང་ནས་བཟུང་རྩྭ་ཐང་གི་རི་གླུ་དང་དམངས་གླུའི་གདངས་དབྱངས་ཐེན་ཆེན་རྩྭ་ཐང་གི་མཁའ་འོག་ཀུན་ལ་ཁྱབ་ཏེ་དུས་ཆེན་དགའ་སྟོན་གྱི་ཡོ་ལང་རྒྱས་པར་བྱས།
མཛད་སྒོའི་སྟེང་གི་རྟ་པ་རུ་ཁག
        ཐེན་ཆེན་རྫོང་གི་མང་ཚོགས་ཕག་མོ་བཀྲ་ཤིས་ཀྱིས་བཤད་རྒྱུར། དྲུག་པའི་ཀླུ་རོལ་ནི་ང་ཚོ་ཐེམ་ཆེན་མི་དམངས་ཆེས་དགའ་བ་དང་ཆེས་གལ་ཆེ་བའི་དུས་ཆེན་ཞིག་ཡིན་པས། ལོ་རེར་ང་དང་ཁྱིམ་མི་རྣམས་དུས་ཆེན་བྱ་འགུལ་འདིར་ཞུགས་པ་ཡིན་ཟེར།
        ཐེམ་ཆེན་རྫོང་ལ་ལྷ་མཚོའི་འབྱུང་ཡུལ་དང་རྟ་མཆོག་གི་ཕ་ས་ཞེས་པའི་མཚན་སྙན་བསྩལ་ཡོད་ལ། གནས་འདི་ནི་བོད་མི་རིགས་གཙོ་གཞིས་ཡིན་པའི་མི་རིགས་མང་པོ་འདུས་སྡོད་བྱེད་སའི་ས་ཁུལ་ཞིག་ཡིན། ཁྱད་འཕགས་ཀྱི་ས་བབ་དང་སྲོལ་རྒྱུན་རིག་གནས་ཀྱིས་ཐེམ་ཆེན་གྱི་ཁྱད་མཚར་བའི་རང་བྱུང་གི་བཀོད་པ་དང་སྟུག་ཅིང་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་ཤིག་ཆགས། ཉེ་བའི་ལོ་འགའི་ཚུན་ལ། ཐེམ་ཆེན་རྫོང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ས་ཚིགས་བཞེངས་སྐྲུན་བྱེད་པའི་བཀོད་སྒྲིག་དམིགས་འབེན་དམ་འཛིན་བྱས་ཏེ། སྐྱེ་ཁམས་སྔོན་ལ་ལེགས་བསྒྱུར་བྱེད་པའི་འཕེལ་རྒྱས་འདུ་ཤེས་ལ་བརྟེན་ཅིང་། འཆར་ཇུས་འཐུས་ཚང་བཟོས་ཏེ། ཐེམ་ཆེན་གྱི་ཡུལ་སྐོར་དྲིལ་སྒྲོལ་ལ་སྐུལ་འདེད་བྱེད་པ་དང་། ཡུལ་སྐོར་ཞབས་ཕྱིའི་ཆུ་ཚད་མཐོ་རུ་བཏང་སྟེ། སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་མདུན་ལྗོངས་ལེགས་པོའི་རྣམ་པ་མངོན།
        ཐེམ་ཆེན་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་འགོ་གཙོ་གཞོན་པའམ་རྫོང་རིག་རྩལ་ཡུལ་སྐོར་རྒྱང་བརྙན་ཅུའུ་ཡི་འགོ་གཙོ། འབྲུག་མཚོ་སྐྱིད་ཀྱིས་བཤད་རྒྱུར། ཐོན་ཁུངས་ཀྱི་དགེ་མཚན་འོག ཐེམ་ཆེན་རྫོང་གིས་རིག་གནས་ཡུལ་སྐོར་དང་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་གཉིས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྫོང་ཁོངས་དཔལ་འབྱོར་གྱི་འཕེལ་རྒྱས་གསར་བར་བཞག་ཡོད་ལ། དྲུག་པའི་ཀླུ་རོལ་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་རྨང་གཞི་བྱས་ཏེ། ཐེམ་ཆེན་གྱི་སྣང་བརྙན་གང་ལེགས་སྒོས་ངོམ་པ་དང་། ཐེམ་ཆེན་གྱི་རིག་གནས་དྲིལ་སྒྲོག་བྱེད་པ། ཐེམ་ཆེན་གྱི་ཡུལ་སྐོར་འོས་སྦྱོར་བྱེད་པ་གསུམ་མཐུན་སྦྱོར་བྱས་ནས། དུས་ཆེན་གྱིས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
        སྟོན་ཟླ་བརྒྱད་པའི་ཐེམ་ཆེན་རྩྭ་ཐང་ནི་རང་བྱུང་གི་མཛེས་པ་དང་སྐྱེ་ཁམས་ཀྱི་མཛེས་པས་བརྒྱན་ཡོད་ལ། དེ་ལས་ཉམས་དགའ་བ་ཞིག་ནི་རྩྭ་ཐང་གི་མཛེས་ལྗོངས་ཡིན། ཐེམ་ཆེན་རྫོང་གིས་ལས་བྱེད་མང་ཚོགས་མཐུན་སྦྱོར་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་བསྐྲུན་པའི་དམིགས་འབེན་ལ་འབད་བརྩོན་བྱས་པར། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་སུ་ཡོད་པའི་སྐྱེ་ཁམས་རི་མོ་ཞིག་ཚྭ་འདམ་གཤོང་གི་ཤར་རྒྱུད་དུ་བྲི་དང་འབྲི་བཞིན་ཡོད།
གསར་འགོད་པ། བསོད་རྡོ།
འབྲེལ་ཡོད་འོས་སྦྱོར།