logo

༄༅། །བརྩེ་བ་ལ་ལུང་བརྒལ་ནས་ཞལ་འདེབས་རིམས་ཁུལ་དུ་འབྱོར།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-09-06 ཀློག་གྲངས།:
        ཟླ9པའི་ཚེས་མགོར། ཀྲེ་ཅང་ཞིང་ཆེན་གྱི་མཚོ་ནུབ་ཁུལ་ན་གོར་མོའི་ཆེད་དོན་རོགས་སྐྱོར་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ཉིན་མཚན་བརྒྱུད་ནས་ན་གོར་མོ་རུ་བསླེབས། ལམ་ཐག་ལེ་དབར་སུམ་སྟོང་ལྷག་བརྒལ་ནས་ཡོང་བའི་སྐྱེལ་འདྲེན་རོགས་སྐྱོར་རླངས་འཁོར་ཏེ་སྐོར་ཁག་གསུམ་གྱི་སྐྱེལ་འདྲེན་རླངས་འཁོར་དྲུག་གིས་རིན་ཐང་སྒོར་ས་ཡ་གསུམ་དང་འབུམ་ལྔ་ཡོད་པའི་རིམས་འགོག་དངོས་ཟོག་དང་། རིམས་འགོག་མ་དངུལ་སྒོར་ས་ཡ་གཅིག་བཅས་ན་གོར་མོ་ལ་ཞལ་འདེབས་སྦྱིན་ཞིང་། ཀྲེ་ཅང་གི་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་ཡིས་སྒོར་འབུམ་ལྔ་རོགས་སྐྱོར་གནང་སྟེ། ན་གོར་མོའི་རིམས་ནད་འགོག་སྲུང་གི་གཡུལ་འཐབ་ལས་རྣམ་པར་རྒྱལ་བར་སྟོབས་ཤུགས་ཕུལ།
        སྤྱི་ཟླ8པའི་ཚུན་ལ། ན་གོར་མོ་གྲོང་ཁྱེར་དུ་པྲོག་གསར་རིམས་ནད་གདགས་གཤིས་ཅན་གྱི་མི་སྣ་བྱུང་བ་ནས་བཟུང་། ཀྲེ་ཅང་གི་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་ཡིས་རིམས་འགོག་བྱ་བར་མཐུན་སྦྱོར་བྱས་ནས། ན་གོར་མོ་བྱ་བའི་ཚན་ཆུང་གིས་རང་འགུལ་ངང་རིམས་འགོག་བྱ་བར་ཞུགས་ཤིང་། རིམས་འགོག་དངོས་ཟོག་དགོས་མཁོའི་ཐད་ནས་རྒྱུས་ལོན་བྱས་ཏེ། ཧུར་ཐག་སྒོས་ཀྲེ་ཅང་ཞིང་ཆེན་དང་བུན་ཀྲིག་གྲོང་ཁྱེར་ལ་རིམས་འགོག་དངོས་ཟོག་ཐད་ནས་མཐུན་སྦྱོར་བྱས། ཀྲེ་ཅང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། བུན་ཀྲིག་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་མྱུར་དུ་དངོས་ཟོག་གཅིག་སྡུད་བྱེད་པར་རྩ་འཛུགས་བྱས་ཏེ། ན་གོར་མོ་གྲོང་ཁྱེར་གྱི་རིམས་འགོག་ཡུལ་དངོས་ཀྱི་དཔའ་བོ་དཔའ་མོ་རྣམས་དང་གཡུལ་འཐབ་བྱས་ཏེ་རིམས་ནད་ལས་རྒྱལ་བར་སྟོབས་ཤུགས་བཏོན།
        ཟླ8པའི་ཚེས30ཉིན། ཀྲེ་ཅང་གི་མཚོ་སྔོན་རོགས་སྐྱོར་བྱས་པའི་རིམས་འགོག་དངོས་ཟོག་ཡོད་ཚད་ན་གོར་མོ་རུ་འབྱོར་ཞིང་། རིམས་འགོག་དངོས་ཟོག་རིགས་ལ་འགོག་སྲུང་ལྭ་བ་དངN95ཁ་ཐུམ། ཉིང་སྐྱུར་མ་དཔེ་སྐྱེལ་བྱེད་ཀྱི་སྒམ་དང་། རང་འགུལ་ཅན་གྱི་ཉིང་སྐྱུར་བཤེར་འདོན་འཕྲུལ་ཆས། PCRཚོད་ལྟ་ཁང་གི་ཆེད་སྤྱོད་ལྟེ་འབྲལ་འཕྲུལ་ཆས་དང་། སྐྱེ་དངོས་བདེ་འཇགས་སྒམ་སོགས་འདུས།
        ཀྲེ་ཅང་གི་མཚོ་སྔོན་རོགས་སྐྱོར་ན་གོར་མོ་བྱ་བའི་ཚན་ཆུང་གི་ཚན་གཙོའམ། ན་གོར་མོ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་པོ་གཞོན་པ་ཁྲིན་ཅུན་ཡུས་ཀྱིས་བཤད་རྒྱུར། ཀྲེ་ཅང་དང་ན་གོར་མོ་བར་ལ་སྤྱི་ལེ3300ལྷག་ཡོད་ནའང་། ཀྲེ་ཅང་དང་མཚོ་ནུབ་དང་། བུན་ཀྲིག་དང་ན་གོར་མོ་བཅས་ནི་ལོ་ངོ་བཅུ་གཉིས་རིང་གི་ཁ་གཏད་རོགས་སྐྱོར་གྱི་བརྩེ་བ་ཧ་ཅང་ཟབ་པས། ཀྲེ་ཅང་མི་དམངས་ཀྱི་བརྩེ་བ་ནམ་ཡིན་ཡང་མཚོ་ནུབ་ལ་བཅངས་ཡོད། ངས་འདི་ནས་ན་གོར་མོ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་འགོ་ཁྲིད་བརྟན་པོའི་འོག་དང་། ཀྲེ་ཅང་དང་བུན་ཀྲིག་སོགས་སྤྱི་ཚོགས་ལས་རིགས་ཁག་གིས་བརྩེ་བའི་རོགས་འདེགས་འོག  ན་གོར་མོ་རིམས་ནད་ལས་རྒྱལ་ཐུབ་པར་ཡིད་ཆེས་ཡོད་ཟེར།
        དུས་མཚུངས་སུ། ཀྲེ་ཅང་གི་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་ཡིས་ཧུར་ཐག་སྒོས་མཚོ་ནུབ་ཀྱི་ཀྲེ་ཅང་གི་ཚོང་ཚོགས་དང་། ན་གོར་མོའི་ཀྲེ་ཅང་ཚོང་ཚོགས་དང་ཁོངས་མི་ཚོང་པར་སྐུལ་སློང་བྱས་ཏེ། བརྩེ་སེམས་ཞལ་འདེབས་ཕུལ་བར། བསྡོམས་རྩིས་བྱས་པ་ལྟར་ན་ཞལ་འདེབས་དངོས་ཟོག་གི་རིན་ཐང་སྒོར་ས་ཡ་གཅིག་ལྷག་ཡོད་པ་རེད།
གསར་འགོད་པ། བསོད་རྡོ།
འབྲེལ་ཡོད་འོས་སྦྱོར།