«བོད་ཀྱི་རྩོམ་རིག་སྒྱུ་རྩལ»ལོ་ཟུང་བྱ་དགའ་སྐབས་གསུམ་པའི་སྤྱི་བསྒྲགས།
རྩོམ་པ་པོ།:
ཡོང་ཁུངས།:བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་།
དུས་ཚོད།:2022-12-03
ཀློག་གྲངས།:

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་འཛུམ་སྟོན་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ། རང་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་རྩོམ་རིག་བྱ་གཞག་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་དང་ཀྲུའུ་ཞི་ཚོགས་པས་ཆོག་མཆན་གནང་བ་ལྟར། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»ལོ་ཟུང་བྱ་དགའ་སྐབས་གསུམ་པའི་དཔྱད་འདེམ་གྱི་ལས་དོན་ཁག་བདེ་བླག་ངང་སྤེལ་ཞིང་། ད་ཆ་དཔྱད་འདེམ་གྱི་རྩ་དོན་དང་། ལས་ཀའི་སྒྲིག་གཞི། ཁྱབ་ཁོངས། བརྒྱུད་རིམ། བྱ་དགའ་ཐོབ་པའི་བརྩམས་ཆོས་བཅས་ཡོངས་བསྒྲགས་བྱས།
ཐེངས་འདིའི་བྱ་དགའ་ཐོབ་པའི་བརྩམས་ཆོས།

བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་དཔྱད་གཏམ།
༡ བརྩམས་སྒྲུང་གི་སྡེ།ཡར་ཀླུང་སྙན་པོ་དབྱངས་གྲོལ་གྱི་བརྩམས་སྒྲུང་ཐུང་གྲས«འགོ་པ་རྒྱལ་པོ»ཞེས་པའི་དཔྱད་གཏམ།
«འགོ་པ་རྒྱལ་པོ»ནི་དྭགས་སྨད་སྣང་རྫོང་ཤེལ་རི་ཁ་རུ་འཁྲུངས་པའི་མི་སེར་དཀྱུས་མ་ཞིག་དབྱིན་འགོག་དམག་འཐབ་ནང་ཞུགས་ནས་དམག་འཐབ་ཀྱི་བྱས་རྗེས་གཟེངས་སུ་ཐོན་པ་བཞག་རྗེས། འཐབ་སར་སྲོག་མ་ཤོར་ཡང་ལམ་བར་དུ་སྲོག་ཤོར་བའི་རྣམ་ཤེས་རང་ཡུལ་དུ་འཁོར་བའི་བརྒྱུད་རིམ་ཞིག་བློས་བསླངས་བྱས་ཏེ། དམིགས་བསལ་གྱི་མཚོན་ཐབས་ལ་བརྟེན་ནས་ནང་སེམས་ཀྱི་འགྱུར་བག་ཞིབ་འབྲི་བྱས་པ་ཞིག་རེད། བརྩམས་ཆོས་འདིས་སྤྲོས་བརྗོད་ཀྱི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་ཏེ། བོད་ཡིག་གི་བརྩམས་སྒྲུང་རྩོམ་ཐབས་ལ་ལམ་བུ་གསར་པ་ཞིག་གཏོད་ཐབས་བྱས་པ་དང་། མཐོང་སྣེ་ཆུང་ཆུང་ཞིག་ནས་མི་སྣའི་སེམས་ཁམས་དང་། སྒྲུང་གི་བྱུང་རིམ། མི་སྒེར་གྱི་ལས་དབང་མི་རྟག་པ་སོགས་བློས་བསླངས་ལ་བརྟེན་ནས་ཀློག་པ་པོར་དཔའ་བོ་དཀྱུས་མའི་གཟུགས་བརྙན་ཞིག་བསྐྲུན་ཐོག འཆར་ཡན་གྱི་བྱུང་རིམ་ནས་དངོས་ཡོད་ཀྱི་བདེན་པ་སྟེར་ནུས་པའི་དགེ་མཚན་ལྡན།
སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ཐུང་གྲས«འཚོ་བའི་རོལ་རྩེད»ཅེས་པའི་དཔྱད་གཏམ།
«འཚོ་བའི་རོལ་རྩེད»ནི་ལྷིང་འཇགས་ཀྱི་ཁོར་ཡུག་ནང་མི་སེར་དཀྱུས་མའི་ལས་དབང་གི་ཡོ་ལང་མཚོན་པ་ཞིག་ལགས་ཤིང་། དངོས་ཡོད་འཚོ་བའི་རྨང་གཞི་ཟབ་ལ། དུས་རབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་། གང་གི་བརྗོད་པ་དལ་འགྲོའི་རྒྱུན་ལྟར་འཁོན་ཐོགས་མེད་པར་ལྷག་པར་མཛེས། དེ་བས་ལྷིང་འཇགས་ཀྱི་ཞིབ་འབྲིའི་དཀྱུས་ནས་མཐོ་རླབས་འཕྲོ་རིམ་འཕྲོར་མཐུད་དེ། མཐར་ཀློག་པ་པོ་ལ་བསམ་ཡུལ་ལས་འདས་ཤིང་། དཔྱད་བཟོད་ཀྱི་དོན་རྐྱེན་ཞིག་བཀོད་སྒྲིག་བྱས་པ་དེས། བརྩམས་སྒྲུང་ནང་གི་མི་སྣ་སོ་སོའི་གཟུགས་བརྙན་དེ་བས་འབུར་དུ་ཐོན་པ་དང་། ཁྱད་ཆོས་དེ་བས་གསལ་བའི་སྒྱུ་རྩལ་གྱི་རིན་ཐང་མངོན་པར་བྱས་འདུག
༢ ལྷུག་རྩོམ་གྱི་སྡེ།
བཀྲ་ཤིས་དཔལ་ལྡན་གྱི་ལྷུག་རྩོམ«འགྲོ་བའི་ནད་གདུང་སེལ་བའི་ལྷ་ཆབ»ཅེས་པའི་དཔྱད་གཏམ།
ལྷུག་རྩོམ་འདི་ནི་གངས་ལྗོངས་འཛིན་མའི་ཁྱོན་ལ་སྐར་ཚོགས་བཞིན་བཀྲ་ལ། དམིགས་གསལ་གྱི་མི་དམངས་རང་བཞིན་དང་། ས་ཁོངས་རིག་གནས་ཁྱད་དུ་འཕགས་པའི་ཆུ་ཚན་གྱི་ངོ་མཚར་བརྗོད་དེ། རང་བྱུང་གི་ཐོན་ཁུངས་འདྲ་མིན་ལས་མི་རིགས་ལ་སྦྱིན་པའི་སྤྲོ་སྣང་དང་། ས་མཐོའི་འགྲོ་བ་ནད་པའི་གསོས་སུ་སྨིན་པའི་ཆུ་ཚན་གྱི་ངོ་མཚར་གཅིག་མཐོང་གཅིག་གླེང་གནང་འདུག ལྷག་པར་དུ་གོ་བདེ་བའི་ཚིག་གི་སྒྱུ་རྩལ་སྤྱད་དེ་ལྷོ་བྲག་ཁུལ་གྱི་གྲགས་ཆེ་བའི་ཆུ་ཚན་དག་ཕྲེང་བ་བཞིན་བགྲངས་ཡོད་ལ། གནས་ཡིག་དང་རྡོ་ཡིག རྒྱུད་བཞི་སོགས་ལས་ཆུ་ཚན་གྱི་ཕན་ནུས་བརྗོད་ཅིང་། མི་སྣ་ཕལ་པའི་གཏམ་རྒྱུད་སྣ་ཚོགས་དང་།ཆུ་ཚན་གྱི་མྱུར་སྐྱོབ་ཐད་རང་ནུས་སྐྱེས་སུ་ཕུལ་བའི་ཕ་བུ་གཉིས་ཀྱི་གཏམ་རྒྱུད། དེ་བས་ཕ་ཡུལ་གྱི་རང་བྱུང་ཐོན་ཁུངས་སྲུང་སྐྱོང་གི་ལས་དོན་ཁྲོད་ཞུགས་པའི་མི་དམངས་མང་ཚོགས་ཚོས་བྱ་སྤྱོད་ངོ་མའི་ཐོག་ནས་ཐམས་ཅད་འགྲོ་བ་ནད་པའི་ཆེད་དུ་བརྩོན་པའི་ལྷད་མེད་ཀྱི་ལྷག་བསམ་བཅས་མཚོན་འདུག
སོག་རུ་ཀརྨ་ཀུན་ཁྱབ་ཀྱི་ལྷུག་རྩོམ«ས་ཆེན་གྱི་སྒལ་ཚིགས། གཙང་ཆུའི་འགོ་ཁུངས»ཞེས་པའི་དཔྱད་གཏམ།
ལྷུག་རྩོམ་འདི་ནི་རིག་གནས་ལྷུག་བརྗོད་ཀྱི་ལམ་ནས། མདོ་དབུས་མཐོ་སྒང་གི་ལྟེ་བར་གྱུར་བའི་གདང་ལ་རི་བོ་ནི་ཆུ་འགོ་མདོ་དབུས་མཐོ་སྒང་དང་ཆུ་གཞུང་ཀྲུང་ཧྭའི་ས་གཞིར་ཁྱབ་པའི་རང་བྱུང་ས་ཁམས་ལས་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་དང་། གཅིག་ལ་གཅིག་བརྟེན་ཡིན་པར་བསྟན་ཡོད་ལ། རི་ཆུའི་མཛེས་སྡུག་དང་རིན་ཐང་གླེང་བ་བརྒྱུད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འབོད་སྐུལ་བྱས་པ་གཅིག གདང་ལ་རི་བོ་ནི་ཀྲུང་ཧྭའི་གཙང་ཆེན་ཁག་གི་འགོ་ཁུངས་དང་། གནའ་ནས་ད་བར་བོད་དང་མེས་རྒྱལ་ནང་སར་འགྲོ་འོང་བྱེད་པའི་ལམ་རྒྱུད་གལ་ཆེན་ཞིག་ཡིན་པའི་ལོ་རྒྱུས་རྩོམ་རིག་སྒྱུ་རྩལ་གྱི་མཚོན་ཐབས་ལ་བརྟེན་ནས་རྒྱས་བཤད་བྱས་པ་དང་གཉིས། གཙང་གསུམ་གྱི་འགོ་ཁུངས་དང་། འབབ་ཁུངས་སོགས་ཞིབ་པར་གླེང་སྟེ། ཡ་གླིང་ཆུ་བོའི་འབྱུང་ཁུངས་སུ་གྱུར་བའི་གདང་ལ་རི་རྒྱུད་ཀྱི་རང་བྱུང་ཁོར་ཡུག་དང་། རི་ཆུའི་རིག་གནས་ཀྱི་ཤེས་བྱ་མང་པོ་སྤྲོས་པ་དང་གསུམ་བཅས། བརྗོད་བྱ་གསར་པར་མཚོན་ཐབས་གསར་པས་སྤུད་དེ་ལོ་རྒྱུས་དང་། རིག་གནས། མི་རིགས་མཐུན་སྒྲིལ་སོགས་གླེང་འདུག
༣ སྙན་ངག་གི་སྡེ།
ཕན་ཤུལ་འཆི་མེད་དབང་འདུས་ཀྱི་ཚིགས་བཅད་སྙན་ངག«དྭགས་སྨད་སྣང་རྫོང་དུ་ཟུར་ལུགས་གསོ་རིག་ཇི་ལྟར་དར་ཚུལ་གྱི་གཏམ་ཁུ་བྱུག་སྔོན་མོའི་གསུང་སྙན»ཞེས་པའི་དཔྱད་གཏམ།
སྙན་ངག་འདི་ནི་ཚིགས་བཅད་དོན་བརྗོད་སྙན་ངག་གི་རྣམ་པའི་ཐོག་ནས་ཕ་མེས་ཀྱི་སྐད་གདངས་ཟམ་མ་ཆད་པར་བརྒྱུད་འོང་བའི་སྡེབ་ལེགས་ཚིག་གི་ཕྲེང་བས་དྭགས་སྨད་སྣང་རྫོང་དུ་ཟུར་ལུགས་གསོ་རིག་ཇི་ལྟར་དར་ཚུལ་གྱི་སྐོར་གོ་རིམ་གསལ་ཞིང་བརྗོད་དོན་ལེགས་ལ། རྩོམ་གྱི་སྒྲིག་གཞིའི་ཚགས་དམ་ཞིང་འཆད་བྱའི་དོན་འབུར་དུ་ཐོན་པར་བྱས་ཡོད་པ་དང་། རང་རེའི་ཟུར་ལུགས་གསོ་རིག་གི་སྐྱེས་ཆེན་དམ་པའི་བཀའ་དྲིན་སྙིང་ནས་དྲན་པའི་གདུང་བ་ཤུགས་སུ་དྲངས་ཤིང་། ཤུལ་བཞག་རིག་གནས་ཀྱི་དཔག་ཏུ་མེད་པའི་རིན་ཐང་ལ་ངོ་མཚར་ཞིང་རྗེས་སུ་ཡི་རང་བ་དང་། གསོ་རིག་གི་བསྟན་པ་མི་ཉམས་གོང་འཕེལ་འབྱུང་བའི་དད་གུས་ཀྱི་བསམ་པ་མངོན་པར་མཚོན་ཡོད་ཁར། བབ་ཆགས་ཤིང་བློ་ངོར་བདེ་བའི་ཚིག་དོན་གྱི་སྦྱོར་བའི་གསེབ་ཏུ་རྩོམ་མཁན་གྱི་བཅོས་མ་མིན་པའི་དུངས་སེམས་ཀྱིས་ལེགས་པར་བརྒྱན་ཡོད་དོ། །
མོག་བུ་ཡེ་ཤེས་སྐྱབས་ཀྱི་རང་མོས་སྙན་ངག«རི་རབ་ལྟ་བུའི་ཨ་ཕ། གཙང་པོ་ལྟ་བུའི་ཨ་མ»ཞེས་པའི་དཔྱད་གཏམ།
སྙན་ངག་འདིའི་ཚིག་རིས་ཆུ་ལྟར་འཇམ་པ་སྟེ། རྩོམ་གཤིས་འཇམ་པའི་ཡོན་ཏན་གྱི་སྙན་རོ་ཕུན་སུམ་ཚོགས་ཤིང་། སྐད་ཆའི་མཛེས་པ་འདི་སྙན་ངག་བརྡ་འཕྲིན་གྱི་ཕྱི་ནང་མ་ལུས་པར་ཁྱབ་འདུག ཡིད་བརྙན་གྱི་ཆ་ཤས་ཚུགས་ཐུབ་ཏུ་གནས་པ་གང་ཞིག གྲིམ་ལྷོད་རན་པའི་ཚོར་བའི་ཁོང་ཐིག་ཏུ་དྲངས་པས་ཡིད་བརྙན་གྱི་ཁམས་དྲི་མེད་ཆུ་ཤེལ་གྱི་རང་བཞིན་ལྟར་དྭངས་ཤིང་གསལ། འདི་ནི་སྙན་ངག་པ་ལམ་དུ་ཆས་དུས་ཀྱི་མི་ཚེའི་འགྲུལ་བཞུད་ཀྱི་གླུ་ངག་ཅིག་ཡིན་ན།བདག་ཅག་གིས་དེང་རབས་རིག་གནས་ཀྱི་མི་གཙང་དྲི་མས་འབག་པའི་སྲོལ་རྒྱུན་རིག་གནས་ཀྱི་མེ་ལོང་ནས་རང་མདོག་འགྱུར་བཞིན་པའི་རང་ཉིད་ཀྱི་གཉུག་མའི་བཞིན་རས་འཚོལ་བྱེད་ཀྱི་བཅོས་མིན་ཡིད་ཀྱི་འབོད་པ་ཞིག་ཡིན་པར་སྣང་ཞིང་། མྱོང་རོལ་གྱི་ཁམས་ཤིན་ཏུ་ཡངས་པས། རི་རབ་ལྟ་བུའི་ཨ་ཕ་དང་། གཙང་པོ་ལྟ་བུའི་ཨ་མའི་མཚོན་དོན་ནི་ཡང་སྙིང་ཅི་ཡིན་པ་ཀློག་པ་པོའི་ཁམས་དང་མོས་པ་མི་འདྲ་བའི་ངོར་བུམ་པ་གང་བྱོའི་ཚུལ་གྱིས་མྱང་རྒྱུའི་མཚོན་དོན་སྣ་མང་རང་བཞིན་གྱི་ཁྱད་ཆོས་ལྡན་ནོ ༎
༤ དཔྱད་རྩོམ་གྱི་སྡེ།
ལྷག་པ་ཆོས་འཕེལ་གྱི་དཔྱད་རྩོམ«བོད་ཀྱི་དེང་རབས་རྩོམ་རིག་གི་ཚིག་སྐྱོན་སྐོར་གླེང་བ»ཞེས་པའི་དཔྱད་གཏམ།
དཔྱད་རྩོམ་འདིར་གཅིག་ནས་རྩོམ་རིག་གི་ཚིག་སྦྱོར་ཐོག་ལ་དོ་སྣང་བྱེད་དགོས་ཚུལ་ཐད། སྔོན་བྱོན་མཁས་པའི་བཞེད་པ་དང་སྦྲགས་ནས་རིམ་བཞིན་དེང་སྐབས་བོད་ཀྱི་རྩོམ་རིག་གི་སྐད་ཆའི་མཚོན་ཐབས་ཐོག་ཏུ་གནས་པའི་ཁ་སྐད་མང་བ་དང་། དོན་ལ་མི་གནས་པ། ཚིག་རྙོག་མང་བ། བརྡ་གསར་གང་བྱུང་དུ་སྤྱོད་པ། བརྡ་སྤྲོད་དང་མི་མཐུན་པའི་ལུགས་སོགས་ལ་རྣག་ཐོག་གཙག་འཁེལ་གྱིས་ཡོ་བསྲང་གནང་འདུག གཉིས་ནས་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཡིན་ཞེས་པ་ལྟར། རང་རེའི་རྩོམ་རིག་གི་གར་སྟེགས་སུ་རྩོམ་རིག་སྐད་ཆའི་མཁའ་དབུགས་སྐྱོན་བྲལ་ཞིག་ཚུགས་ཐུབ་པ། དེ་ནས་རིམ་བཞིན་སྐྱོན་བྲལ་གྱི་རྩོམ་རིག་གི་མཁའ་དབུགས་ཤིག་བསྐྲུན་ཐུབ་པའི་ཕྱོགས་ལ་ཁ་ཡོད་ལག་ཡོད་ཀྱི་མཛུབ་ཁྲིད་ནུས་པ་ཆེན་པོ་ཞིག་ལྡན།
༥ སྙན་ཞུའི་རྩོམ་རིག་གི་སྡེ།
ལྷོ་སྨྱོན་བློ་བཟང་དོན་གྲུབ་ཀྱི་སྙན་ཞུའི་རྩོམ་རིག«སྐྱིད་སྡུག་སྤེལ་མའི་མི་ཚེ་ན། རྣ་བར་སྙན་པའི་གཏམ་རྒྱུད་མཆིས»ཞེས་པའི་དཔྱད་གཏམ།
སྙན་ཞུའི་རྩོམ་རིག་འདིར་གཅིག་ནས་མི་སྣ་གཙོ་བོ་ཁྱི་ལུད་ཀྱིས་ལོག་ལམ་ལས་གྲོལ་ཏེ་ཡང་དག་གི་ལམ་ལ་ཞུགས་པ་དང་། བར་ཆད་ལས་རྣམ་པར་རྒྱལ་བས་མ་ཚད། གཞན་ཡང་ཕྱུག་འགྱུར་གྱི་ལམ་ལ་འཁྲིད་པའི་མི་སེམས་འགུལ་བའི་དངོས་བྱུང་གྱི་དངོས་དོན་དེས། མི་རྣམས་ལ་སྙིང་སྟོབས་ཤིག་རྒྱས་སུ་བཅུག་པའི་ནུས་པ་ཡོད་པ་དང་། གཉིས་ནས་རྒྱལ་ཁབ་ཀྱི་ཕྱུག་འགྱུར་སྲིད་ཇུས་ལག་ཏུ་བསྟར་བའི་མིག་དཔེ་གསོན་པོ་ཞིག་ཡིན་པ། གསུམ་ནས་སྒྱུ་རྩལ་མཚོན་ཐབས་ཐོག་ནས་ཀྱག་ཀྱོག་གི་མི་ཚེའི་བྱུང་བརྗོད་ཁྲོད་ནས་མི་སེམས་འགུལ་བའི་སྣང་བ་ཞིག་སྟེར་ཐུབ།
༦ བསྒྱུར་རྩོམ་གྱི་སྡེ།
པ་སངས་སྒྲོལ་དཀར་གྱི་བསྒྱུར་རྩོམ«དབྱར་རྩྭ་དགུན་འབུ་སྟུག་པོར་སྐྱེས་པའི་སྙིང»ཞེས་པའི་དཔྱད་གཏམ།
མ་རྩོམ་དེས་གཙོ་བོ་ཕུང་པོ་ལས་བྲལ་བའི་རྣམ་ཤེས་ཤིག་གི་མཐོང་ཐོས་དང་། མིའི་བར་གཏམ་གླེང་དང་བྱ་སྤྱོད་ཀྱི་ཁྲོད་ནས་རང་དང་གཞན་གྱི་སེམས་ཁམས་ཀྱི་སྣང་ཚུལ་ཞིབ་འབྲི་གནང་སྟེ། གཙོ་བོ་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་ཕྱུག་འགྱུར་གྱི་ལམ་བུའི་ཁྲོད་དུ། མི་འགའ་ཞིག་གི་རིག་གནས་དང་སེམས་ཁམས་ལའང་དེ་བཞིན་གྱི་འགྱུར་ལྡོག་འགྲོ་བཞིན་པ་དང་། མིག་མདུན་གྱི་ཁེ་ཕན་དང་ཀུན་སྤྱོད་ཀྱི་འགན་འཁྲིའི་བར་གྱི་འགལ་བ་གསལ་སྟོན་གནང་བས། མི་རིགས་ཤིག་གི་རིག་གནས་ཀྱི་སེམས་ཁམས་ལ་ཕྱིར་རྟོག་གནང་ཡོད། འགྱུར་ཡིག་དེའང་གཅིག་ནས་ཡིག་སྒྱུར་གྱི་རྩ་དོན་ཐོག་ནས་དཔྱད་ན། འགྱུར་མ་གནད་ལ་འཁེལ་ཞིང་གོ་བདེ་བ། མ་རྩོམ་གྱི་ཉམས་འགྱུར་ཇི་མ་ཇི་བཞིན་ཐོན་པ། གཉིས་ནས་མ་ཡིག་གི་བརྗོད་བྱའི་ནང་དོན་མཚོན་ལུགས་མཚོན་སྟངས་དེ་ཡིག་སྒྱུར་བྱས་པ་བརྒྱུད། འགྱུར་ཡིག་གི་བརྩམས་ཆོས་ཀྱི་མཚོན་ལུགས་མཚོན་སྟངས་ལའང་ཕན་ཐོགས་དང་དཔེ་མཚོན་བྱེད་ཐུབ་པའི་ཕན་འབྲས་ཤིག་ཐོན་ཐུབ།
འབྲེལ་ཡོད་འོས་སྦྱོར།