༄༅། །མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས༢༠༢༣ལོའི་མཐར་ཕྱིན་མཛད་སྒོ་བསྡུས་པ།
རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-06-05
ཀློག་གྲངས།:
མཐོ་རྒྱུགས་ལ་ཉེ་བར་གྱུར་བ་དང་བསྡོངས་ནས། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་མཐོ་གསུམ་དང་འབྲེལ་བའི་འཆར་ཅན་གྱི་བྱ་བ་རྣམས་དུས་ལྟར་ལེགས་འགྲུབ་བྱས་ཏེ། མཐར་ཕྱིན་གྱི་མཛད་སྒོ་གཟབ་རྒྱས་ངང་བསྡུས།
ཟླ༥བའི་ཚེས༢༩ནས༣༡བར། མཐོ་གསུམ་ལོ་རིམ་ཁག་གིས་མཐོ་གསུམ་སློབ་མའི༢༠༢༣ལོའི་མཐོ་རྒྱུགས་ཚོད་ལྟའི་རྒྱུགས་གཞི་ཐེངས་དྲུག་པ་བླངས་ཤིང་། དགེ་རྒན་ཚོས་བཏང་ལྷོད་མེད་པར་ཆེས་མཇུག་མཐའི་རྒྱུགས་གཞི་དང་རྒྱུགས་འབྲས་ལ་ནན་ཏན་གྱིས་ལྟ་ཀློག་དང་དབྱེ་ཞིབ། སྤྱི་སྡོམ་བྱས། རྒྱལ་ཁའི་འབྲས་བུ་ནི་ཕུན་སུམ་ཚོགས་པའི་སྟ་གོན་དང་གཟབ་ནན་གྱི་རྣམ་འགྱུར་ལས་སྨིན་པ་ཡིན་པས། སློབ་བུ་ཚོས་མཐོ་རྒྱུགས་ལ་གཡུར་དུ་ཟ་བའི་རྒྱུགས་འབྲས་ལོན་པར་བློ་སེམས་རྩེ་གཅིག་གིས་ཧུར་བརྩོན་བྱས།

ཚོད་རྒྱུགས་ལེན་བཞིན་པ།
ཟླ༥བའི་ཚེས༣༡ཉིན་གྱི་ཉིན་གུང་། སློབ་གྲྭས་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི“མཚོ་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར༧༠ལོན་པར་རྟེན་འབྲེལ་ཞུ་བ”དང“༢༠༢༣ལོའི་མཐར་ཕྱིན་སློབ་མ་སྐྱེལ་བའི་གཟེབ་གྲུག་འགྲན་སྡུར”ཅེས་པའི་བྱ་འགུལ་གཟེབ་གྲུག་ར་བར་སྤེལ། མཛའ་བརྩེ་ཞི་མཐུན་གྱི་ཉི་འོད་ཀློང་ནས་སློབ་གྲོགས་ཚོས་ལང་ཚོ་ཡི་ཟིལ་ཤུགས་དང་མཐུན་སྒྲིལ་གྱི་གཟི་སྟོབས་ངོམས་ཏེ། མཐོ་གསུམ་གྱི་སློབ་མ་རྣམས་མཐོ་རྒྱུགས་ཀྱི་གཡུལ་ས་ལས་རྣམ་པར་རྒྱལ་བར་ཞུམ་མེད་ཀྱི་སྙིང་སྟོབས་དང་ངར་ཤུགས་བསྩལ།

༢༠༢༣ལོའི་མཐར་ཕྱིན་སློབ་མ་སྐྱེལ་བའི་གཟེབ་གྲུག་འགྲན་སྡུར་གྱི་ཡུལ་དངོས།
དཔེ་དེབ་ལ་བརྩི་འཇོག་དང་ཕན་ཚུན་ལ་རོགས་རམ། རྒན་པ་ལ་བརྩི་བཀུར་དང་ཆུང་བ་ལ་བྱམས་སྐྱོང་བྱེད་པ་སོགས་ནི་སློབ་མ་ལ་ངེས་པར་མཁོ་བའི་ཡ་རབས་ཀྱི་ཀུན་སྤྱོད་དང་སློབ་གྲྭ་ཡི་སྲོལ་རྒྱུན་བཟང་བོར་གཏོགས་པ་གདོན་མི་ཟ། ཟླ༦པའི་ཚེས༡ཉིན་གྱི་ཉིན་གུང་། སློབ་གྲྭའི་ཐོན་ཨུའི་རྩ་འཛུགས་འོག་ཏུ་སློབ་གྲྭས“མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི༢༠༢༣ལོའི་མཐར་ཕྱིན་སློབ་མའི་དཔེ་སྦྱིན་མཛད་སྒོ”ཞེས་པའི་བྱ་འགུལ་སྤེལ་ཅིང་། ད་ལོའི་མཐོ་གསུམ་མཐར་ཕྱིན་སློབ་མ་རྣམས་ཀྱིས་ཀྱང་སློབ་གྲྭའི་ཡ་རབས་བཟང་སྤྱོད་ཀྱི་སྔར་སྲོལ་བཟང་བོ་རྒྱུན་འཛིན་བྱས་ནས། མཐོ་གཅིག་མཐོ་གཉིས་ཀྱི་མིང་སྲིང་ཚོར་དཔེ་སྦྱིན་གྱི་མིག་དཔེ་བཟང་བོ་བསྟན།

༢༠༢༣ལོའི་མཐར་ཕྱིན་སློབ་མའི་དཔེ་སྦྱིན་མཛད་སྒོའི་རྣམ་པ།

༢༠༢༣ལོའི་མཐར་ཕྱིན་སློབ་མའི་དཔེ་སྦྱིན་མཛད་སྒོའི་རྣམ་པ།

༢༠༢༣ལོའི་མཐར་ཕྱིན་སློབ་མའི་དཔེ་སྦྱིན་མཛད་སྒོའི་རྣམ་པ།
ཚེས༢ཉིན་སློབ་གྲྭའི་རིག་བྱེད་ཕུན་ཚོགས་གླིང་གི་མདུན་དུ། དགེ་སློབ་མཉམ་འཛོམས་ཀྱིས་མཐར་ཕྱིན་རྗེས་དྲན་གྱི་མི་འགྱུར་མཛའ་བརྩེའི་རི་མོ་འདྲ་པར་ལ་བཀོད་ཅིང་། ཚེས༣གྱི་ཞོགས་པར༢༠༢༣ལོའི་མཐོ་གསུམ་སློབ་མའི་མཐར་ཕྱིན་མཛད་སྒོ་གཟབ་རྒྱས་ངང་སློབ་གྲྭའི་ལུས་རྩལ་ར་བར་བསྡུས། སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན་རྣམ་པ། མཐོ་གཅིག་མཐོ་གཉིས་ཀྱི་སློབ་གྲོགས་ཚོ་དང་ཕྱོགས་ཡོངས་ཀྱི་ཁྱིམ་བདག་རྣམས་ཀྱི་ལག་ཟུང་ཐལ་མོའི་རྡེབ་སྒྲ་དང་། ཡིད་སེམས་སྐྱོམ་པའི་སྙན་འཇེབས་ཀྱི་གླུ་དབྱངས་ཁྲོད་དུ། གླེགས་བམ་གྱི་སྐྱེས་བཟང་མཐོན་པོར་བཏེགས་པའི་མཐོ་གསུམ་གྱི་མཐར་ཕྱིན་འཛིན་གྲྭ་རེ་རེ་ལུས་རྩལ་ར་བར་བསུ་མ་བྱས།

༢༠༢༣ལོའི་མཐོ་གསུམ་སློབ་མའི་མཐར་ཕྱིན་མཛད་སྒོ།

༢༠༢༣ལོའི་མཐོ་གསུམ་སློབ་མའི་མཐར་ཕྱིན་མཛད་སྒོ།
མདོ་འཛིན་པའི་བཀོད་སྒྲིག་ལྟར་ཚང་མ་ཡར་ལངས་ནས་མཉམ་དུ་གཟབ་ནན་གྱིས་སྙན་བརྗིད་ལྡན་པའི་རྒྱལ་གླུ་བཏང་རྗེས། སློབ་གཙོ་པདྨ་དབང་ཆེན་གྱིས་མཛད་སྒོ་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། བཀྲ་ཤིས་པའི་ཤོག་སྦག་གི་འབྲུག་སྒྲ་ལྡིར་ཞིང་དུ་སྤྲིན་གྱི་འཇའ་ཚོན་སྣ་ལྔ་བར་སྣང་དུ་ཤར། སློབ་གཙོ་གཞོན་པ་སྟོབས་ལྡན་གྱིས་མཐར་ཕྱིན་སློབ་མར་ཡིད་ལ་འཛིན་རྒྱུའི་ཚིག་དང་རུམ་ལ་བསྡུ་རྒྱུའི་བྲོ་རུ་གྱུར་བའི་གཏམ་བཤད་གལ་ཆེན་གནང་། དེ་རྗེས་ཕན་ཚུན་ལ་བཀྲ་ཤིས་པའི་ཁ་བཏགས་འབུལ་གཏོང་བྱེད་པ་དང་ལེགས་སྐྱེས་ཕུལ་བ། དགེ་སློབ་ཀྱི་ཚབ་བྱེད་མི་སྣས་གཏམ་བཤད་སྤེལ་བ། ཕུལ་བྱུང་གི་སློབ་མ་དང་འཛིན་གྲྭའི་ལས་བྱེད་མི་སྣར་གཟེངས་རྟགས་ཡི་གེ་གནང་བ། མཐར་ཕྱིན་འཛིན་ཡིག་སྤྲོད་པ། མིག་གི་དཔྱིད་དང་རྣ་བའི་བུ་རམ་དུ་གྱུར་བའི་གྱ་ནོམ་པའི་རིག་རྩལ་འཁྲབ་སྟོན་བྱེད་པ་སོགས་ཀྱི་མཛད་རིམ་རྣམས་བདེ་བླག་ངང་སྤེལ། མཇུག་མཐར་མཐོ་གཅིག་དང་མཐོ་གཉིས་ཀྱི་སློབ་མ་ཡོངས་ལམ་གྱི་གཞོགས་གཉིས་སུ་གྲལ་བསྒྲིགས་ཤིང་། ཀུན་གྱི་ཁ་གཡང་དང་སྨོན་ཚིག་གི་ཀློང་ནས། ཞེན་ཆགས་དང་སྐྱོ་གདུང་གི་ཁྲོད་ནས་མཐར་ཕྱིན་སློབ་མ་རྣམས་ཕྱི་རུ་སྐྱེལ་མ་བྱས་སོ། །

༢༠༢༣ལོའི་མཐོ་གསུམ་སློབ་མའི་མཐར་ཕྱིན་མཛད་སྒོ།

༢༠༢༣ལོའི་མཐོ་གསུམ་སློབ་མའི་མཐར་ཕྱིན་མཛད་སྒོ།

༢༠༢༣ལོའི་མཐོ་གསུམ་སློབ་མའི་མཐར་ཕྱིན་མཛད་སྒོ།
2023ལོའི་ཟླ6པའིཚེས4ཉིན།
འབྲེལ་ཡོད་འོས་སྦྱོར།