མཚོ་སྔོན་ཞིང་ཆེན་གྱི་གསར་འགོད་པའི་གཏམ་བཤད་འགྲན་སྡུར་ཟི་ལིང་དུ་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-08-31
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བའི༼གསར་འགོད་པ་བཟང་པོས་གཏམ་རྒྱུད་ལེགས་པར་བརྗོད་པ༽ཞེས་པའི་གཏམ་བཤད་འགྲན་སྡུར་གནའ་མཁར་ཟི་ལིང་དུ་སྤེལ།

ཟླ8པའི་ཚེས30ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གསར་འགྱུར་བྱ་བའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བའི༼གསར་འགོད་པ་བཟང་པོས་གཏམ་རྒྱུད་ལེགས་པར་བརྗོད་པ༽ཞེས་པའི་གཏམ་བཤད་འགྲན་སྡུར་དེ་གནའ་མཁར་ཟི་ལིང་དུ་གཟབ་རྒྱས་ངང་སྤེལ་བ་དང་། འགྲན་སྡུར་གྱི་ཁྲོད་དུ་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་རྫོང་རིམ་པའི་གསར་འགྱུར་སྡེ་ཁག་ནས་ཡོང་བའི་གསར་འགོད་པ21ཐེངས་འདིའི་འགྲན་སྡུར་ནང་ཞུགས་ཡོད་པར་མ་ཟད། དེ་མིན་ཁུལ་དང་རྫོང་རིམ་པའི་གསར་འགྱུར་སྡེ་ཁག་གི་ལས་དོན་མི་སྣ་ཡང་ཟུར་ཞུགས་བྱས་ཡོད་པ་རེད། འགྲན་ཞུགས་པ་རྣམས་ཀྱིས་རང་ཉིད་ཀྱི་གསར་འགྱུར་ལས་དོན་གྱི་བརྒྱུད་རིམ་དང་འབྲེལ་ནས་ཁོར་ཡུག་སྲུང་སྐྱོང་དང་གྲོང་གསེབ་དར་སྤེལ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས། རིག་གནས་སློབ་གསོ་དར་སྤེལ། ས་གནས་ཐོན་ལས་འཕེལ་རྒྱས་བཅས་ཀྱི་གནས་བབ་དང་འགྱུར་ལྡོག་སོགས་ལ་གཞི་བྱས་ཏེ། འདས་ཟིན་པའི་གསར་འགྱུར་ལས་དོན་གྱི་བཞུད་ལམ་ལ་ཕྱིར་དྲན་དང་དེ་ལས་འཕྲོས་པའི་སེམས་གཏམ་སྣ་ཚོགས་བརྗོད་དེ་གསར་འགོད་པ་བཟང་བོ་ཞིག་གི་སྣང་བརྙན་དེ་མཚོན་པར་བྱས།

འགྲན་ཞུགས་པ་རྣམས་ཀྱི་གཏམ་བཤད་འགྲན་སྡུར་མཇུག་སྒྲིལ་རྗེས་དཔྱད་འདེམས་དགེ་རྒན་རྣམས་ཀྱིས་ཐེངས་འདེའི་འགྲན་སྡུར་གྱི་སྤྱིའི་གནས་ཚུལ་ལ་ཕྱོགས་སྡོམ་དང་དཔྱད་འཇོག་གནང་བར་མ་ཟད། གསར་འགོད་པ་རྒན་པ་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་ཏེ་གསར་འགྱུར་ལས་དོན་ལ་རྣམ་འགྱུར་འཛིན་སྟངས་དང་རྒྱ་ཆེ་བའི་མང་ཚོགས་ལ་གསར་བྱུང་གི་གཏམ་རྒྱུད་ཇི་ལྟར་བསྒྲགས་དགོས་ཚུལ་སོགས་ཀྱིས་ཐད་ནས་གསུང་གླེང་གང་མང་གནང་ཞིང་། མཇུག་མཐར་ཐེངས་འདིའི་འགྲན་ཞུགས་པ་རྣམས་ཀྱི་གཏམ་བཤད་ལ་སྐར་མ་རྒྱབ་ནས་ཨང་རིམ་བཀར་ཏེ་སོ་སོར་གཟི་བརྗིད་དཔང་ཡིག་གནང་བ་དང་། དེའི་ཁྲོད་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཀའོ་ཡེའུ་ཡིས་བྱ་དགའ་ཨང་གསུམ་པའི་གྲུབ་འབྲས་བླངས་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།