རྒྱལ་ཡོངས་བོད་ལུགས་གསོ་རིག་ཐད་ཀྱི་བགྲོ་གླེང་སྐབས་དང་པོ་བསྡུས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2023-09-26
ཀློག་གྲངས།:
རྒྱལ་ཡོངས་བོད་ལུགས་གསོ་རིག་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་དེ2023ལོའི་ཟླ9པའི་ཚེས23ཉིན་གྱི་སྔ་དྲོ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་འཚོགས།
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་ཆེད་ལས་ཀྱི་ལྟར་སྣང་སློབ་དཔྱོད་ཁང་དང་། རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས། བོད་ལུགས་གསོ་རིག་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་ཚོགས་ཀྱི་གསོ་རིག་སློབ་གསོ་དང་སློབ་ཁྲིད་ཆེད་ལས་ཨུ་ཡོན་ཚོགས་པ་བཅས་ཀྱིས་འགན་སྒྲུབ་བྱས་པ་རེད།

ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་མཚོ་སྔོན་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་ལིས་ལིས་རོང་དང་མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་མཱ་ཅོན། མཚོ་སྔོན་ཞིང་ཆེན་ཀྲུང་བོད་གསོ་རིག་དོ་དམ་ཅུའུ་ཡི་རིམ་གསུམ་བརྟག་ཞིབ་པ་དཔལ་ལྡན་ནོར་བཟང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་ཡོན་ཀྲང་ཟུར་བ་ཀྲང་ཅན་ཆིན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅུ་དབང་ཆེན་ཚེ་བརྟན། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཧང་མིན་ཡུའུ། མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་དྲུང་ཡིག་གཞོན་པ་སྟག་འབུམ་རྒྱལ་བཅས་ཞུགས་ཡོད་པར་མ་ཟད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིན་བོད་སྨན་ཁང་དང་བོད་ལྗོངས་གསོ་རིག་སློབ་ཆེན། ཀན་སུའུ་ཀྲུང་དབྱི་སློབ་ཆེན། ཁྲིན་ཏུའུ་ཀྲུང་དབྱི་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་གླིང་། ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་སི། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་། བོད་ལྗོངས་སྨན་རྩིས་ཁང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བོད་སྨན་ཁང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་སོགས་འབྲེལ་ཡོད་ལས་ཁུངས25ནས་ཕེབས་པའི་གསོ་རིག་ཆེད་མཁས་པ100ལྷག་ཞུགས་ཡོད།

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་གཞོན་པ་དཔལ་ཆེན་གསང་བདག་གིས་ཚོགས་འདུར་མགོ་འཛིན་མཛད་པ་དང་། མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་མཱ་ཅོན་གྱིས་རྟེན་འབྲེལ་ཤིས་ཚིག་ཕུལ་དོན། བོད་ཀྱི་གསོ་བ་རིག་པ་ནི་རྒྱ་ཆེ་ཞིང་གཏིབ་ཟབ་ལ། ཚེ་སྲོག་ཚན་རིག་གི་ལྟ་ཚུལ་ཡང་མང་པོ་ཡོད་པས། སྔོག་འདོན་དང་ཞིབ་འཇུག་གི་རིན་ཐང་ལྡན་པ་ཤ་སྟག་རེད། ཆེད་མཁས་ཞིབ་འཇུག་པ་ཐུན་མོང་ནས་སྟོབས་ཤུགས་གཅིག་སྡུད་སྒོས་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་དང་ནད་ཐོག་བེད་སྤྱོད་ཀྱི་རིགས་པ་གསར་བ་དང་ཐབས་ལམ་གསར་བ་རྙེད་རྒྱུར་འབད་ནས། བོད་ཀྱི་གསོ་རིག་གི་ལས་དོན་ཁག་སྒོ་ཀུན་ནས་འཕེལ་རྒྱས་འགྲོ་ཐུབ་པ་བྱེད་དགོས་ཞེས་བསྟན།

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་ཀླུ་བྱམས་རྒྱལ་གྱིས་གྲུབ་པ་ལུས་དམར་ཁྲིད་ཁང་གི་འཛུགས་སྐྲུན་གནས་ཚུལ་ངོ་སྤྲོད་བྱས་ཤིང་། མི་ལུས་བེམ་པོའི་མ་དཔེ་ཞལ་འདེབས་གནང་མཁན་དགེ་རྒན་ཆེན་མོ་ཀྲང་ཅན་ཆིང་ལ་ཞལ་འདེབས་དཔང་ཡིག་གནང་། ཅུའུ་ཀྲང་གཞོན་པ་ཡུའུ་ཅིན་དང་ཧྲུའུ་ཅི་ལིས་ལིས་རོང་། སློབ་གཙོ་གཞོན་པ་ཡན་ཐེན་མེང་། གླིང་གཙོ་ཀླུ་བྱམས་རྒྱལ་བཅས་ཀྱིས་བོད་ལུགས་གསོ་རིག་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་ཁང་གི་སྒོ་བྱང་ཡོལ་བ་ཕྱེས་ཤིང་། ཚོགས་ཞུགས་ཆེད་མཁས་པ་དག་གིས་བོད་ལུགས་གསོ་རིག་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་ཁང་འདུ་བའི་སློབ་ཁྲིད་ཐོག་ཁང་གི་བཀོད་པ་མཐའ་དག་ལ་ལྟ་སྐོར་བྱས་ཤིང་ཕན་ཚུན་བསམ་བློ་བརྗེ་རེས་བྱས།

དེའི་འཕྲོར་བོད་ལུགས་གསོ་རིག་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་ཀྱི་གཞུང་ལུགས་དང་དངོས་ཡོད་སློབ་ཁྲིད་གཙོ་དོན་དུ་བཟུང་སྟེ་རིག་གཞུང་བགྲོ་གླེང་བྱས་ལ། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་པོ་ཧོང་མེང་ཡུའུ་ཡིས་གྲུབ་པ་ལུས་ཀྱི་ཚེ་སྲོག་ཚན་རིག་གི་གལ་ཆེན་རང་བཞིན་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྐོར་ནས་འཆད་ཁྲིད་གནང་། བོད་ལྗོངས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མིག་དམར་དང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཕུན་ཚོགས་རྡོ་རྗེ། བོད་ལྗོངས་སྨན་རྩིས་ཁང་ཀྲུའུ་རེན་དང་རབ་འབྱམ་པ་བསོད་ནམས་དངོས་གྲུབ། ཁྲིན་ཏུའུ་ཀྲུང་དབྱི་སློབ་ཆེན་གྱི་གངས་དཔལ་འཕྲིན་ལས། ཀན་སུའུ་ཀྲུང་དབྱི་སློབ་ཆེན་གྱི་དབྱང་ལེ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཀུན་བཟང་རྒྱལ། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་བན་དེ་ཚེ་རིང་སོགས་ཀྱིས་བོད་ལུགས་གསོ་རིག་གི་སྨན་བཅོས་དང་བོད་སྨན་ཆེད་ལས་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད། བོད་ལུགས་གསོ་རིག་གྲུབ་པ་ལུས་ཀྱི་བསླབ་ཁྲིད་ཀྱི་གནས་གཏན། ལག་ལེན་དམར་ཁྲིད་ཀྱི་བསམ་བློ་སོགས་ཀྱི་ཐད་ལ་རིག་གཞུང་སྙན་ཞུ་ཕུལ་ཏེ་ཕན་ཚུན་བསམ་བློ་བརྗེ་རེས་ཡང་བྱས།

བོད་ལུགས་གསོ་རིག་གྲུབ་པ་ལུས་ཀྱི་རིགས་པ་ནི་བོད་ལུགས་གསོ་རིག་ཆེད་ལས་ཀྱི་སྲོག་ཤིང་དུ་གྱུར་བའི་བསླབ་ཚན་ཤིག་དང་། ལག་ལེན་དམར་ཁྲིད་ནི་དེ་ལས་ཀྱང་གལ་ཆེན་ཞིག་ཡིན། ཨིན་ཀི་སི་ཡིས་གཤག་བཅོས་རིག་པ་མེད་ཚེ་གསོ་བ་རིག་པ་ཡང་ཡོད་མི་སྲིད་ཟེར་བ་ནང་བཞིན་བོད་ལུགས་གསོ་རིག་ཡང་དེ་ལས་མ་འདས། བོད་ལུགས་གསོ་རིག་ཁྲོད་གྲུབ་པ་ལུས་ཀྱི་ཚེ་སྲོག་ཚན་རིག་གི་རྒྱས་བཤད་དང་ངོས་འཛིན་མ་ལག་ཕུན་སུམ་ཚོགས་པ་ཞིག་ཡོད་པས། ཐེངས་འདིའི་བགྲོ་གླེང་བརྒྱུད་ཞིང་ཆེན་སོ་སོའི་བོད་ལུགས་གསོ་རིག་ཆེད་མཁས་པ་མང་པོ་གཞི་གཅིག་ཏུ་འཛོམས་ནས། བོད་ལུགས་གསོ་རིག་གྲུབ་པ་ལུས་ཀྱི་སློབ་ཁྲིད་ཀྱི་དཀའ་གནད་དང་ལག་ལེན་དམར་ཁྲིད། ཤེས་ལྡན་པ་སྐྱེད་བསྲིངས། གྲུབ་པ་ལུས་དམར་ཁྲིད་ཁང་གི་འཛུགས་སྐྲུན་སོགས་ཀྱི་ཐད་ཐུགས་བརྩེ་བའི་ངང་ནས་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ཏེ། བོད་ལུགས་གསོ་རིག་གྲུབ་པ་ལུས་ཀྱི་ཞིབ་འཇུག་ཐད་བསམ་ཕྱོགས་གསར་པ་དང་ཁ་ཕྱོགས་གསར་པ་བཙལ་ནས། བོད་ལུགས་གསོ་རིག་གི་འཕེལ་རྒྱས་དང་གསར་གཏོད། རྒྱུན་འཛིན་བཅས་ཀྱི་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་བཞག་ནས་རྒྱལ་ཁབ་དང་མི་དམངས་ཀྱི་བདེ་ཐང་ལ་ཞབས་ཞུ་ཕུན་སུམ་ཚོགས་པ་ཤིག་བསྐྲུན་ཡོད།
འབྲེལ་ཡོད་འོས་སྦྱོར།