བོད་ཀྱི་གསོ་རིག་དང་ཚན་རིག་ལྟ་གྲུབ་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་འཚོགས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-09-29
ཀློག་གྲངས།:
སྤྱི་ཟླ9པའི་ཚེས28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དང་། བོད་ལུགས་གསོ་བ་རིག་པའི་ཞིབ་འཇུག་སློབ་མའི་རིག་གཞུང་བསམ་བློ་བརྗེ་རེས་ཀྱི་མཐོ་རླབས་གསར་བ་འཛུགས་སྐྲུན་བྱེད་པ། ཞིབ་འཇུག་སློབ་མའི་གསོ་སྐྱོང་གི་སྤུས་ཚད་མཐོར་འདེགས་གཏོང་བ། བོད་ལུགས་གསོ་བ་རིག་པའི་མཐོ་རིམ་མི་སྣ་སྐྱེད་སྲིང་བྱེད་པ་བཅས་ལ་དམིགས་ཤིང་། སྲོལ་རྒྱུན་དང་དེང་རབས། ལྟ་གྲུབ་དང་མཚུངས་ཆོས། ཞེས་པ་བརྗོད་སྙིང་དུ་བཟུང་བའི་བོད་ཀྱི་གསོ་རིག་དང་ཚན་རིག་ལྟ་གྲུབ་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་དེ་མཚོ་སྔོན་སློབ་ཆེན་དུ་འཚོགས།

ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་བོད་ཕྱི་གསོ་རིག་ཟུང་འབྲེལ་ཆེད་ལས་ཚོགས་པས་གཙོ་སྒྲུབ་བྱས་ཤིང་། ཞིབ་འཇུག་སློབ་མའི་སློབ་གསོ་དང་རིག་ཚན་འཛུགས་སྐྲུན་གཞུང་ལས་ཁང་གིས་འགན་སྒྲུབ་བྱས་པ་དང་། ༢༠༢༢ལོའི་འབུམ་རམས་དང་རབ་འབྱམས་ཞིབ་འཇུག་སློབ་མའི་འཛིན་གྲྭ། གསོ་རིག་ལོ་རྒྱུས་དང་རྩ་བའི་གཞུང་དོན་ཞིབ་འཇུག་ཁ་ཕྱོགས་བཅས་ཀྱིས་རོགས་སྒྲུབ་བྱས།

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་བྱ་མདོ་ཀླུ་བྱམས་རྒྱལ་དང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་གཞོན་པ་དཔལ་ཆེན་གསང་བདག་བཅས་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་། ཀྲུང་གོའི་བོད་ཀྱི་གསོ་རིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་བདུད་མགོན་ཚེ་རིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ། གསོ་རིག་འབུམ་རམས་པ་ཕག་མོ་དོན་གྲུབ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་འབུམ་རམས་གཞོན་པ། གསོ་རིག་འབུམ་རམས་པ་ཀླུ་ཕྱུག་ཡག མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ། གསོ་རིག་འབུམ་རམས་པ་དཔལ་མགོན་ཐར། མཚོ་ལྷོ་ཁུལ་ཀོས་ནན་རྫོང་བོད་སྨན་ཁང་གི་སྨན་པ་རབ་འབྱམས་པ། གསོ་རིག་འབུམ་རམས་པ་དབང་ཕྱུག་འབུམ་བཅས་ཀྱིས་ཚོགས་འདུའི་གདན་ཞུས་དཔྱད་འཇོག་པའི་འགན་ཁུར། ཚོགས་འདུའི་སྟེང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཆེད་མཁས་པ། དེ་མིན་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚོགས་མི། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་གྲྭར་ཡོད་པའི་འབུམ་རམས་དང་རབ་འབྱམས་ཞིབ་འཇུག་སློབ་མ། དངོས་གཞི་སློབ་མའི་འཐུས་ཚབ། ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་ཞིབ་འཇུག་སློབ་མའི་འཐུས་ཚབ་སོགས་ཁྱོན་མི200ལྷག་ཚོགས་འདུར་ཞུགས་ཡོད།

“བོད་ཀྱི་གསོ་རིག་དང་ཚན་རིག་ལྟ་གྲུབ་ཀྱི་རིག་གཞུང་བགྲོ་གླེང”འདི་ནི་སྤྱི་ལོ2018ལོར་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོའམ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བྱ་མདོ་ཀླུ་བྱམས་རྒྱལ་གྱིས་བློ་འདོན་དང་སྣེ་ཁྲིད་དེ། སྲོལ་རྒྱུན་དང་དེང་རབས། ལྟ་གྲུབ་དང་མཚུངས་ཆོས་བརྗོད་སྙིང་དུ་བཟུང་བའི་རིག་གཞུང་ཚོགས་འདུ་ཞིག་ཡིན། ད་ལྟའི་བར་དུ་ཐེངས་གསུམ་ལ་སྤེལ་ཏེ། སེམས་ཁམས་རིག་པ་དང་གྲུབ་པ་ལུས་ཀྱི་གནས་ལུགས་སོགས་རྨང་གཞིའི་གཞུང་ལུགས་ཞིབ་འཇུག་དང་། ནད་ཐོག་ལག་ལེན་ཞིབ་འཇུག སྨན་རྫས་ཚོད་ལྟའི་ཞིབ་འཇུག སྲིན་བུའི་གནས་ལུགས་ཀྱི་ཆེད་དོན་བགྲོ་གླེང་སོགས་བགྱིས་ཡོད་ལ། འབྲས་བུའང་ཕུན་སུམ་ཚོགས་པ་བླངས་ཡོད།
ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་བརྗོད་བྱ་ནི་བོད་ཀྱི་གསོ་རིག་དང་ཚན་རིག་ལྟ་གྲུབ་བསྡུར་བ་བྱས་པ་བརྒྱུད་ནས། དེ་གཉིས་ཀྱི་མཚུངས་ཆོས་རྒྱས་བཤད་བྱས་པ་དང་། བོད་ཀྱི་གསོ་བ་རིག་པའི་ཚན་རིག་གི་ནང་དོན་ལ་དཔྱད་བསྡུར་བྱས་ཏེ། བོད་ཀྱི་གསོ་རིག་དང་དེང་རབས་ཚན་རིག་བརྗེ་རེས་གཏིང་ཟབ་དང་དགེ་མཚན་མཉམ་སྤྱོད་ལ་ཤུགས་སྣོན་བྱས་ཤིང་། བོད་ཀྱི་གསོ་བ་རིག་པའི་ཚན་རིག་ཁྱབ་ཁོངས་ལ་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་ཅིང་། བོད་ཀྱི་གསོ་རིག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་དང་གཞུང་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་།

བྱ་མདོ་ཀླུ་བྱམས་རྒྱལ་གྱིས་ཚོགས་འདུར་ཤིས་ཚིག་ཕུལ་ཞིང་། ཚོགས་འདུའི་ནང་དོན་དང་དམིགས་ཡུལ། གདན་ཞུའི་ཆེད་མཁས་པ་ངོ་སྤྲོད་བྱས།
མགོ་རྩོམ་མཛད་སྒོའི་རྗེས་སུ། བགྲོ་གླེང་ལ་ཞུགས་པའི་གཏམ་བཤད་པ་དག་གིས་རང་ཉིད་ཀྱི་བགྲོ་གླེང་ཁ་བྱང་དང་འབྲེལ་ནས་བགྲོ་གླེང་བྱས། བགྲོ་གླེང་ཚོགས་འདུའི་སྟེང་བྱ་བའི་ལས་རྐང་མི་འདྲ་བ་སོ་སོ་ནས་ཕེབས་པའི་ཆེད་མཁས་པ་དྲུག་དང་། འབུམ་རམས་ཞིབ་འཇུག་སློབ་མ་གཉིས། རབ་འབྱམས་ཞིབ་འཇུག་སློབ་མ་གཉིས། དངོས་གཞི་སློབ་མ་གཅིག་བཅས་བགྲོ་གླེང་བ་མི་བཅུ་གཅིག་ཞུགས་ཤིང་། དེ་ཡང་རིག་པའི་གཞུང་ལུགས་དང་ནད་ཐོག་བརྟག་བཅོས་སོགས་ཕྱོགས་མི་འདྲ་བ་དུ་མ་ནས་ཞིབ་འཇུག་གི་གྲུབ་དོན་སྙན་ཞུར་ཕུལ་བ་ལ། རྣམ་པའི་ཐད་ནས་ཀྱང་དང་པོར་བཤད། བར་དུ་འདྲི། ཐ་མར་དཔྱད་པ་བཅས་ཕྱོགས་གསུམ་ནས་ བགྲོ་གླེང་སྤེལ། བརྗོད་བྱའི་ཆ་ནས་མོ་ནད་ཀྱི་སྐོར་དང་། ཚོ་ཆེས་པ། མེ་བཙའ། ཡོ་ག་དང་རྩ་རླུང་ལུས་སྦྱོང་། སྐྱེ་ཁམས་གསོ་རིག། སྲིན་གྱི་རྣམ་གཞག། ཟས་སྐོམ་འཇུ་ཚུལ། བརྟག་ཐབས།སྨན་སྦྱོར། དོས་དྲག་གསོ་བཅོས་སོགས་མང་དུ་འདུས། ཆུ་ཚོད3ལྷག་ལ་ཆེད་མཁས་པ་དག་གིས་གཏམ་བཤད་དང་བགྲོ་གླེང་བྱས་པ་བརྒྱུད། ཚོགས་འདུར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ་བགྲོ་གླེང་ཚོགས་འདུ་བདེ་བླག་ངང་མཇུག་བསྒྲིལ་ཞིང་། མཇུག་མཐར། བགྲོ་གླེང་ཚོགས་འདུར་ཞུགས་པའི་ཆེད་མཁས་པས་གཏམ་བཤད་པ་དག་ལ་དྲན་རྟེན་དཔང་ཡིག་དང་བྱ་དགའ་གནང་བ་དང་། ཞིབ་འཇུག་སློབ་མའི་སློབ་གསོ་དང་རིག་ཚན་འཛུགས་སྐྲུན་གཞུང་ལས་ཁང་གི་ཀྲུའུ་རེན་ནམ་དགེ་རྒན་ཆེན་མོ་གཞོན་པ་སྒ་ཕུན་ཚོགས་རྡོ་རྗེས་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཕྱོགས་སོ་སོ་ནས་གདེང་འཇོག་བྱས་ཤིང་འབྱུང་འགྱུར་ཇི་ལྟར་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་པའི་ཐད་ལ་རེ་བ་དང་བསམ་ཚུལ་ལེགས་པོ་བཏོན་པ་དང་། བརྒྱུད་སྤྲོད་དར་ཆ་སྐབས་ལྔ་པའི་བོད་ཀྱི་གསོ་རིག་དང་ཚན་རིག་ལྟ་གྲུབ་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུའི་འགན་སྒྲུབ་འབུམ་རམས་དང་རབ་འབྱམས་ཞིབ་འཇུག་སློབ་མའི་འཐུས་ཚབ་པར་སྤྲད་རྗེས་ཚོགས་འདུ་བཀྲ་ཤིས་བདེ་ལེགགས་ངང་ཡོངས་སུ་མཇུག་བསྒྲིལ།

ཐེངས་འདིའི་བགྲོ་གླེང་ཚོགས་འདུས་བོད་ཀྱི་གསོ་བ་རིག་པའི་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་རྒྱ་བསྐྱེད་དེ། དེང་རབས་གསོ་རིག་དང་སྔར་ལས་མཉམ་འདྲེས་འཕེལ་རྒྱས་འབྱུང་བའི་ཐད་ལ་སྐུལ་འདེད་ཀྱི་ནུས་པ་བཏོན་ཡོད། །
འབྲེལ་ཡོད་འོས་སྦྱོར།