སྒྲུང་རིང«མདུད་པ»ཞེས་པའི་འགྲེམ་སྤེལ་མཛད་སྒོ་ཟི་ལིང་དུ་བསྡུས་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2023-10-10
ཀློག་གྲངས།:
ཟླ10བའི་ཚེས10ཉིན། མཚོ་སྔོན་ཉེན་རྟོག་དཔོན་སློབ་གླིང་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་དང་བདེ་སྐྱོང་དོ་དམ་ཆེད་ལས་ཀྱི་དགེ་རྒན་ཆེན་མོ་གཞོན་པ་བསོད་ནམས་དར་རྒྱས་ལགས་ཀྱིས་བརྩམས་པའི་སྒྲུང་གཏམ་རིང་གྲས«མདུད་པ»ཞེས་པའི་དཔེ་དེབ་འགྲེམ་སྤེལ་མཛད་སྒོ་ཟི་ལིང་དུ་བསྡུས་ཤིང་། འགྲེམ་སྤེལ་མཛད་སྒོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་མགོ་གཙོ་གཞོན་པ་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་མགོ་འཛིན་བྱས།

མཛད་སྒོའི་ཡུལ་དངོས།
སྒྲུང་རིང«མདུད་པ»ཞེས་པ་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་། དེ་ནི་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་གཙོ་བོར་རོགས་སྐྱོར་བྱ་བའི་རྣམ་གྲངས་ཤིག་ཡིན་ཞིང་། བོད་ཡིག་གིས་གསར་རྩོམ་བྱས་པའི་ཁྲིམས་འཛིན་གྱོད་དོན་མྱུལ་ཞིབ་སྐོར་གྱི་སྒྲུང་གཏམ་ཞིག་རེད།

མཚོ་སྔོན་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་གྱིས་གཏམ་བཤད་གནང་བཞིན་པ།

བོད་ཀྱི་རྩོམ་པ་པོའམ་མཚོ་སྔོན་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་འཇིགས་མེད་རྡོ་རྗེས་གཏམ་བཤད་གནང་བཞིན་པ།
མཛད་སྒོའི་སྟེང་། ཐོག་མར་སྒྲུང་གཏམ་མདུད་པའི་རྩོམ་པ་པོ་བསོད་ནམས་དར་རྒྱས་ཀྱིས་བརྩམས་ཆོས་དེའི་རྒྱབ་ལྗོངས་དང་ནང་དོན་ཐད་ནས་མཚམས་སྦྱོར་རགས་ཙམ་་བྱས་པ་དང་། དེ་ནས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པའམ་སྒྲུང་རིང་དེའི་རྩོམ་སྒྲིག་འགན་ཁུར་པ་ཚེ་རིང་བཀྲ་ཤིས་ཀྱིས་རྩོམ་སྒྲིག་བྱས་པའི་གནས་ཚུལ་བརྗོད་པ་དང་། གཞན་བོད་ཀྱི་ལོ་རྒྱུས་རིག་གནས་ཆེད་མཁས་པ་དང་ཡིག་སྒྱུར་ཆེད་མཁས་པ་བཀའ་མ་མཁའ་འབུམ་དང་། མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྙིང་པོ་ཐར། བོད་ཀྱི་རྩོམ་པ་པོ་དང་བོད་ཀྱི་དམངས་སྲོལ་རིག་གནས་དུས་དེབ་ཀྱི་རྩོམ་སྒྲིག་ཞུས་ཆེན་པ་ཚེ་རྒྱལ། བོད་ཀྱི་རྩོམ་པ་པོ་དང་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་བཀྲ་ཤིས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡུལ་ལྷ་ཐར། བོད་ཀྱི་རྩོམ་པ་པོའམ་མཚོ་སྔོན་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་འཇིགས་མེད་རྡོ་རྗེ་སོགས་ཀྱིས་སོ་སོར་སྒྲུང་རིང་འདིར་རོལ་མྱོང་བྱས་པའི་མྱོང་ཚོར་བརྗོད་དེ། བརྩམས་ཆོས་འདིའི་ཁྱད་ཆོས་དང་སྤྱི་ཚོགས་ལ་ཐོན་སྲིད་པའི་ཕན་ནུས། མི་འདང་ས་སོགས་ཀྱི་ཐད་ནས་དཔྱད་བརྗོད་དང་བསམ་འཆར་བཏོན་པ་རེད། མཇུག་མཐར། མཚོ་སྔོན་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་གྱིས་གཏམ་བཤད་གནང་།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡུལ་ལྷ་ཐར་གྱིས་གཏམ་བཤད་གནང་བཞིན་པ།

མཇུག་མཐའི་མཉམ་པར།
དཔྱད་བརྗོད་པ་ཚང་མས་སྒྲུང་གཏམ་འདིས་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་བཏོད་པ་དང་། གསོན་ཉམས་ལྡན་པའི་ཡུལ་ཕྱོགས་ཀྱི་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས། གཞི་རིམ་གྱི་ན་གཞོན་ཁྲིམས་རྨོངས་པས་རང་ཉིད་ཀྱི་རྨོངས་བ་དང་ཐ་མལ་གྱི་བྱ་སྤྱོད་ཀྱིས་ནག་ཉེས་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པར། ཁྲིམས་སྐྱོང་པའི་སྡེ་ཡིས་དོགས་ཡོད་ཉེས་ཅན་ལ་འཇུ་ཁྲིད་དང་འབོད་འགུག སོ་ལྟ་དང་ངང་སྒུག འདྲི་རྟོག་དང་རྩད་ཞིབ། དཔང་ལེན་དང་བཙན་ཉར། བཀག་བསྐྱིལ་དང་འཛིན་བཟུང་། ཁག་ཁྱེར་བཀའ་སྒུག་དང་ཡུལ་དངོས་ངོས་འཛིན། ཉེས་དོན་གཏུག་བཤེར་སོགས་ཁྲིམས་ཀྱི་ལས་རིམ་འགྲོ་ལུགས་སྒྲུབ་སྟངས་དང་གནས་ལུགས་གྲུབ་སྟངས་བཅས་པ་རེ་རེ་གསལ་བོར་བསྟན་པ་དང་ཆབས་ཅིག འཕྲོག་བཅོམ་གྱོད་དོན་རེ་རེའི་བརྒྱུད་རིམ་སླར་ཡང་མངོན་པར་བསྟན་ནས། ཁྲིམས་འགལ་ལུགས་འགལ་གྱི་དོན་དངོས་གསལ་བོར་བཟོས་ཤིང་། ཁག་འགན་གསལ་བོར་དབྱེ་ལ། རྒྱུ་མཚན་ཞིབ་ཏུ་བགྲངས་ཡོད་པས། དེང་གི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་དང་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། མི་རིགས་རྩོམ་རིག་གསར་རྩོམ་དང་ལྷག་པར་དུ་བོད་ཀྱི་སྒྲུང་གཏམ་རིང་གྲས་གསར་རྩོམ་ཐད་ལའང་བྱེད་ནུས་མི་དམན་པ་བཏོན་ཡོད་པར་བསྟན། །
འབྲེལ་ཡོད་འོས་སྦྱོར།