logo

མཚོ་ནུབ་ཁུལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལས་དོན་ཚོགས་འདུ་བསྡུས།

རྩོམ་པ་པོ།:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-10-16 ཀློག་གྲངས།:
       ཟླ10པའི་ཚེས15ཉིན་གྱི་སྔོ་དྲོར། མཚོ་ནུབ་ཁུལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལས་དོན་ཚོགས་འདུ་གཏེར་ལེན་ཁ་རུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་མགོ་ཁྲིད་གཙོ་བོས«མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་ལས་དོན་སྲོལ་ཡིག»ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཉེ་བའི་ལོ་ཤས་རིང་ལ་ཁུལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལས་དོན་ཐད་བླངས་པའི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་ཤིང་། «སྲོལ་ཡིག»ལག་བསྟར་བྱས་པའི་ཚུན་གྱི་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་གནས་ཚུལ་བརྒྱུད་བསྒྲགས་བྱས་ཏེ། མི་རིགས་སྐད་ཡིག་ལས་དོན་ཁྲོད་གནས་པའི་གནད་དོན་དང་མི་འདང་སར་ཞིབ་འཇུག་བརྡར་གཅོད་དང་དབྱེ་ཞིབ་བྱས་པ་དང་མཉམ་དུ། རྗེས་ཕྱོགས་ཀྱི་གཙོ་གནད་ལས་དོན་ཐད་བཀོད་སྒྲིག་ལེགས་པོ་མཛད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་བློ་མཐུན་ཧུའུ་དབྱིན་ཆི་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གནང་བ་རེད།
མཚོ་ནུབ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧུའུ་དབྱིན་ཆི་ཡིས་ཚོགས་འདུའི་སྟེང་གསུང་བཤད་གནང་།
       ཚོགས་འདུའི་སྟེང་དུ་མཚོ་ནུབ་ནི་སོག་རིགས་བོད་རིགས་རང་སྐྱོང་ས་ཁུལ་ཡིན་པའི་ཆ་ནས། སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གིས་རང་མི་རིགས་ཀྱི་ལོ་རྒྱུས་ལ་དྲན་ཤེས་དང་རིག་གནས་རྒྱུན་འཛིན། བརྩེ་བའི་རྟེན་གཞི་བཅས་ཀྱི་འགན་ཐེག་ཡོད་ཕྱིར། ང་ཚོས་ངེས་པར་དུ་རང་རང་གི་ཕྲག་ཏུ་བབས་པའི་དམིགས་བསལ་གྱི་འགན་འཁྲི་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བའི་ལས་ཀའི་གཙོ་རྐང་དེར་ངོས་འཛིན་ཡང་དག་སྒོས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་སྔར་བས་དོ་ཁུར་བྱས་ནས། ཆབ་སྲིད་དང་སྤྱི་ཚོགས། རིག་གནས། སྤེལ་རེས་སོགས་ཕྱོགས་མང་པོའི་ཐད་ཀྱི་མི་རིགས་སྐད་ཡིག་གི་དམིགས་བསལ་ནུས་པ་སྔོག་འདོན་གཏིང་ཟབ་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་བརྒྱུད་དེ། མི་རིགས་ས་ཁུལ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
       མི་རིགས་ཀྱི་གནད་དོན་དང་མི་རིགས་ལས་དོན་གྱི་ཆབ་སྲིད་ངོ་བོར་ངེས་པར་དུ་དམ་འཛིན་ནན་མོ་བྱེད་པ་དང་ལྟ་བ་གསལ་སྟོན་སྒོས་ཆབ་སྲིད་རང་བཞིན་ནན་འཛིན་བྱས་ཏེ། མི་རིགས་ལས་དོན་ཁྲོད་ཀྱི་ཆབ་སྲིད་འཛུགས་སྐྱོང་གི་སྤྱི་འདོམས་ནུས་པར་དམ་འཛིན་དང་འདོན་སྤེལ་ཡག་པོ་བྱེད་དགོས་ཤིང་། ཆབ་སྲིད་ཀྱི་མཐོ་ཚད་ནས་མི་རིགས་བར་གྱི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ་དང་མི་རིགས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་རྩ་དོན་དང་སྲིད་ཇུས་ཀྱི་ཐབས་ཇུས། ཁྲིམས་སྐྱོང་ཚད་ལྡན་བཅས་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ལ་དང་དོད་བྱེད་པའི་བླང་བྱ་དེ་མི་རིགས་སྐད་ཡིག་ལས་དོན་གྱི་གོ་རིམ་ཧྲིལ་པོར་ཁྱབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་བཤད་བྱས།
       ཐེངས་འདིའི་ཚོགས་འདུ་ནི་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་ལས་དོན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ལྷག་པར་དུ«སྲོལ་ཡིག»ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རང་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་བའི་དུས་མཚུངས་སུ། མི་རིགས་ཁག་གི་སྐད་ཡིག་འདྲ་མཉམ་ངང་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་ལ་སྲུང་སྐྱོང་བྱས་ནས་མི་རིགས་ཀྱི་སྐད་ཡིག་ཚད་ལྡན་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ལ། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རང་འགན་རང་ཁུར་དང་རོགས་ལས་དམ་ཟབ། གོང་འོག་མཉམ་འགུལ། ནུས་ཤུགས་མཉམ་འདོན་སྒོས་སྐུལ་འདེད་གཏོང་བའི་ལས་ཀའི་རྣམ་པ་ཆགས་པར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བྱས་ཏེ། མི་རིགས་སྐད་ཡིག་ལས་དོན་གྱི་དཔུང་ཁག་སྤྱིའི་བྱང་ཚད་དང་ནུས་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། མི་རིགས་སྐད་ཡིག་ལས་དོན་གྱི་གྲོན་དངུལ་ལ་འགན་སྲུང་ཏན་ཏིག་བྱས་ནས། མི་རིགས་སྐད་ཡིག་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་ནུས་ལྡན་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་བླང་བྱ་བཏོན།
ཚོགས་རའི་ཡུལ་དངོས།
       ས་ཁུལ་ཁག་གི་སྲིད་གཞུང་དང་ཚྭ་འདམ་སྲིད་འཛིན་ཨུ་ལྷན་གྱི་ལས་བགོས་འགན་འཁུར་བློ་མཐུན་དང་། ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན། ས་ཁུལ་ཁག་གི་མི་རིགས་སྐད་ཡིག་ལས་དོན་གྱི་འགན་འཁུར་བ་དང་དེ་བཞིན་མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་པ་བཅས་ཚོགས་འདུར་ཞུགས།
       ཕྱི་དྲོར། ཁུལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལས་དོན་ཁྲོད་སྐད་གཉིས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ཐད་ཀྱི་ཞན་ཆ་དང་མི་རིགས་སྐད་ཡིག་ཡིག་སྒྱུར་ཆུ་ཚད་ཀྱི་དོ་མི་མཉམ་པ་སོགས་མངོན་གསལ་དོད་པའི་གནད་དོན་སྐོར་ཐག་གཅོད་ཡག་པོ་བྱ་ཆེད། ཟླ10པའི་ཚེས15ཉིན་གྱི་ཕྱི་དྲོར། ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་ཁུལ་ཡོངས་ཀྱི་སྐད་གཉིས་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་མི་རིགས་སྐད་ཡིག་ཡིག་སྒྱུར་གྱི་ཆེད་དོན་འཆད་ཁྲིད་སྤེལ།
ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་ཁུལ་ཡོངས་ཀྱི་སྐད་གཉིས་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་མི་རིགས་སྐད་ཡིག་ཡིག་སྒྱུར་གྱི་ཆེད་དོན་འཆད་ཁྲིད་སྤེལ་བའི་མཛད་སྒོ།
       ཐོག་མར། ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཏང་ཙུའུ་ཡི་ཁོངས་མིས“མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་གྱིས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་སྣ་ཚོགས་དྲིལ་སྒྲོག་བྱེད་པའི་ཐད་ནུས་པ་འདོན་པ”དང“མི་རིགས་སྐད་ཡིག་ལས་དོན་གྱིས་ས་གནས་ཀྱི་ཁྲིམས་སྲོལ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས་མི་རིགས་སྐད་ཡིག་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”དེ་བརྗོད་བྱ་གཙོ་བོར་བཟུང་ནས་ཏང་གི་སློབ་ཁྲིད་བྱས་པ་དང་། མི་རིགས་སྐད་ཡིག་ལས་དོན་གྱིས་ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ཁག་ཏུ་ཐོན་པའི་གལ་ཆེའི་རང་བཞིན་དང་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས་པ་འགྲེལ་བཤད་ཞིབ་མོ་བྱས་ཤིང་།«མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་ལས་དོན་སྲོལ་ཡིག»གི་དོན་ཚན་རེ་རེ་བཞིན་ཉིང་བསྡུས་ཀྱི་སྒོ་ནས་འགྲེལ་བཤད་བྱས་པ་དང་། མགོ་ཁྲིད་ལས་བྱེད་པས་ཁྲིད་སྟེགས་སྟེང་ཏང་གི་སློབ་ཁྲིད་བྱེད་པ་བརྒྱུད་ནས། ཁུལ་ཡོངས་ཀྱི་སྐད་གཉིས་ལས་བྱེད་པས་མི་རིགས་སྐད་ཡིག་ལས་དོན་ལ་རྒྱུས་ལོན་དང་ངོས་འཛིན་བྱེད་ཚད་གཏིང་ཟབ་ཏུ་བཏང་བར་མ་ཟད། «སྲོལ་ཡིག»གི་དགོངས་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། འགན་འཁྲི་ལག་བསྟར་བྱེད་པར་ལས་ཀའི་བསམ་ཕྱོགས་དང་བྱེད་ཐབས་སྔར་བས་ལེགས་པོ་མཁོ་འདོན་བྱས། དེ་ནས་ཁུལ་ཡོངས་ཀྱི་མི་རིགས་སྐད་ཡིག་སློབ་སྦྱོང་དང་དྲིལ་སྒྲོག་དཔྱད་ཡིག་ཐད་ཀྱི་དཀའ་ངལ་སེལ་ཆེད། ས་ཁུལ་སོ་སོ་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་ལ«མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་ལས་དོན་སྲོལ་ཡིག»དང«མཚོ་ནུབ་ཁུལ་གྱི་སྐད་གཉིས་དྲིལ་སྒྲོག་ཡིག་ཆ་ཕྱོགས་བསྒྲིགས»ཞེས་པའི་དཔེ་ཆ་འདི་གཉིས་ཁྱོན་བསྡོམས་པས་དེབ་ཁྲི1.1འགྲེམ་སྤེལ་བྱས་ཤིང་། ཁུལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལས་དོན་སྔར་ལས་ལེགས་པོར་སྤེལ་བར་རྒྱབ་སྐྱོར་བྱས་ཡོད།
       མཇུག་མཐར། ཞིང་ཆེན་མི་དམངས་སྲིད་གཞུང་གི་གྲངས་ཉུང་མི་རིགས་སྐད་ཡིག་ཡིག་སྒྱུར་ཁང་གི་འབྲེལ་ཡོད་མགོ་ཁྲིད་དང་ལས་སྒོའི་རྐང་འཛིན་པ་གདན་འདྲེན་ཞུས་ནས། གཞུང་ཡིག་ཡིག་སྒྱུར་ཁྱབ་ཁོངས་ཀྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་ཆུ་ཚད་མཐོན་པོ་ཟུང་འབྲེལ་བྱས་ཏེ། ཁུལ་ཡོངས་ཀྱི་སྐད་གཉིས་ལས་བྱེད་པ67ལ“ཡིག་སྒྱུར་ཆུ་ཚད་གོང་དུ་སྤེལ་ནས། མི་རིགས་སྐད་ཡིག་གི་འབྲེལ་ཐག་མཉམ་སྐྲུན་བྱེད”ཅེས་པ་བརྗོད་བྱ་བྱས་ཏེ། གཞུང་ཡིག་ཡིག་སྒྱུར་གྱི་གཞི་རྩའི་རྩ་དོན་དང་བྱེད་ཐབས། ཐབས་ཤེས། དོ་སྣང་བྱ་ཡུལ། བརྡ་ཆད་གསར་པ་བཅས་གཅིག་གྱུར་གྱིས་ཚད་ལྡན་དུ་གཏོང་བ་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱེད་པ་སོགས་ཀྱི་ནད་དོན་ཐད་ནས་ཆེད་དོན་འཆད་ཁྲིད་བྱས་ཤིང་། སྐད་གཉིས་ལས་བྱེད་པ་ཡོངས་ལ་སློབ་སྦྱོང་དང་ལག་ལེན་གྱི་མཛུབ་སྟོན་ནན་མོ་བྱས།
མཉམ་པར།
       ཐེངས་འདིའི་ཆེད་དོན་འཆད་ཁྲིད་བྱས་པ་བརྒྱུད་ཁུལ་ཡོངས་ཀྱི་སྐད་གཉིས་ལས་བྱེད་པས་ཚད་ངེས་ཅན་གྱི་སྟེང་ནས་མི་རིགས་སྐད་ཡིག་ལས་དོན་ལ་རྒྱུས་ལོན་དང་ངོས་འཛིན་བྱེད་ཚད་ཇེ་ཟབ་ཏུ་ཕྱིན་པར་མ་ཟད། «སྲོལ་ཡིག»གི་དགོངས་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་བ། འགན་འཁྲི་སྔར་བས་ཡག་པོ་སྒྲུབ་སླད་ལས་ཀའི་བསམ་ཕྱོགས་དང་བྱེད་ཐབས་སྔར་བས་མང་པོ་མཁོ་འདོན་བྱས། འཆད་ཁྲིད་གྲོལ་རྗེས། ཚང་མས་ ཆེད་དོན་འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་གསར་པ། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་རང་རང་གི་སེམས་འདུན་བཤད་པ་དང་། མ་འོངས་པར་རང་རང་གི་ངོས་ཐད་ནས་མུ་མཐུད་དུ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་དང་ངོས་འཛིན་མཐོ་རུ་བཏང་ནས། ལས་དོན་ཏན་ཏིག་ངང་སྒྲུབ་པ་དང་ཁུལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ཆོད་སེམས་ཀྱང་བརྗོད་དོ། །
འབྲེལ་ཡོད་འོས་སྦྱོར།