logo

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་བོད་སྐད་ཡིག་གི་གསུང་རབ་སྒྲོན་འདོན་འགྲན་སྡུར་གྱི་བྱེད་སྒོ་སྤེལ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ། དུས་ཚོད།:2024-12-20 ཀློག་གྲངས།:
       ཇི་སྐད་དུ། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱངས། །ཞེས་པ་བཞིན་སློབ་མ་ཚོའི་སྐད་ཡིག་གི་འབྲི་ཀློག་ཉན་གསུམ་ལས་ཀློག་འདོན་གྱི་ཆུ་ཚད་མཐོར་འདེགས་དང་། སློབ་སྦྱོང་གི་ཐབས་ལམ་ལ་བྱང་ཆ་ལྡན་པ། སློབ་རའི་སློབ་སྦྱོང་གི་མཁའ་དབུགས་གསོ་སྐྱོང་བཅས་ཀྱི་སླད་དུ། ཟླ10པའི་ཚེས25ཉིན་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་མཐོ་གཅིག་ལོ་རིམ་ཁག་གིས་བོད་སྐད་ཡིག་གི་གསུང་རབ་སྒྲོན་འདོན་འགྲན་སྡུར་གྱི་བྱེད་སྒོ་སློབ་གྲྭའི་ཕན་བདེ་གླིང་གི་སྙན་ཞུའི་ཚོམས་ཆེན་དུ་གཟབ་རྒྱས་ངང་སྤེལ།
       མཁས་པའི་གསུང་རབ་ཀློག་པ་ནི་ཐོས་བསམ་གྱི་རྒྱུ་དང་ཤེས་རབ་འཕེལ་བའི་རྩ་བ་ཡིན་ཞིང་། སྲོལ་རྒྱུན་རིག་གནས་ཀྱི་གདེང་དྲོད་རྙེད་པའི་ཐབས་དམ་པའང་ཡིན་ཕྱིར། ཐེངས་འདིའི་བྱེད་སྒོར་འཛིན་གྲྭ་སོ་སོས་བོད་ཀྱི་བཅུ་ཕྲག་རིག་གནས་ལ་གཞན་དྲིང་མི་འཇོག་པའི་སྔོན་གྱི་མཁས་ཆེན་རྣམས་ཀྱིས་མཛད་པའི་ལེགས་བཤད་ཀྱི་བསྟན་བཅོས«ས་སྐྱ་ལེགས་བཤད»དང«དགེ་ལྡན་ལེགས་བཤད།» «ཆུ་ཤིང་གི་བསྟན་བཅོས།» «རྒྱལ་བོ་ལུགས་ཀྱི་བསྟན་བཅོས»སོགས་དང་། «སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ།» «མི་ཆོས་གནད་ཀྱི་འཕྲེང་བ»སོགས་བསླབ་བྱའི་རིགས། གཞན་ཡང་གསུང་མགུར་དང་ལོ་རྒྱུས་སྡོམ་ཚིག་སོགས་གསུང་རབ་བཅུ་ཕྲག་གཉིས་ལྷག་སྨྲ་ལྕེ་དག་པས་འབྲུ་གསལ་བ་དང་དབྱངས་ཀྱི་འདེགས་འཇོག་གསལ་བས་རྣར་སྙན་པ། སྒྲ་སྐད་མཐོ་བས་སྤོབས་པ་ལྡན་པ། དལ་ལྷོད་རན་པས་བག་བྲོ་བ། འགྱིང་ཉམས་ལྡན་པས་ཉམས་དགའ་བ་སོགས་ཀྱི་ཐུན་མིན་གྱི་ཁྱད་ཆོས་མངོན་ཏེ་སྒྲོག་འདོན་བྱས།
       ཛ་དྲག་གི་འགྲན་རིམ་ལས་དཔྱད་འདེམ་པའི་དྲང་བདེན་གྱི་སྐར་མ་དང་དཔྱད་བསྡུར་གང་མང་བརྒྱུད་མཐར་མཐོ་གཅིག་འཛིན་གྲྭ་བདུན་པ་དང་འཛིན་གྲྭ་དང་པོར་ཨང་དང་པོ་དང་། བཅུ་གསུམ་དང་བཅོ་ལྔར་ཨང་གཉིས་པའི་བྱ་དགའ། འཛིན་གྲྭ་བརྒྱད་པ་སོགས་ལ་ཨང་གསུམ་པའི་བྱ་དགའ། འཛིན་གྲྭ་བཅུ་དྲུག་སོགས་ལ་ཕུལ་བྱུང་བྱ་དགའ་ཐོབ།
       བྱེད་སྒོ་འདི་སྤེལ་བ་བརྒྱུད། སློབ་བུ་རྣམས་ཀྱིས་ཀློག་གི་གལ་ཆེན་རང་བཞིན་ལ་ངེས་ཤེས་ཟབ་མོ་འདྲོངས་ཤིང་བསླབ་ཟིན་པའི་ཤེས་བྱ་བརྗེད་ངེས་རྐུན་པོས་མི་ཁྱེར་བའི་གཟུངས་རྙེད་པར་མ་ཟད། སློབ་བུ་རྣམས་ཀྱི་བློ་རིག་གསལ་ཞིང་ཤེས་རབ་རྣོ་བའི་འཇོན་ནུས་རྩལ་དུ་མངོན་ཞིང་། ཇི་ལྟ་ཇི་སྙེད་ཀྱི་མཐའ་ཡས་ཤེས་བྱ་ཤེས་འདོད་ཀྱི་འདུན་པ་ཇེ་དྲག་ཏུ་ཕྱིན་ལ། རང་སྟོབས་ཀྱི་བློ་རྩ་ཇེ་བརྟན་དུ་གྱུར་པས་སློབ་སྦྱོང་གི་བརྩོན་སེམས་དང་འགྲན་སེམས་ཀྱི་ཤུགས་ཆེ་རུ་རྒྱས་ཏེ། སློབ་རའི་སློབ་སྦྱོང་གི་རྣམ་པར་གསོན་ཤུགས་ཀྱིས་བརྟས་ཤིང་ཡིད་ཆེས་ཀྱིས་ཁེངས་པར་བྱས་སོ། །
འབྲེལ་ཡོད་འོས་སྦྱོར།