༄༅། །མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་གཏམ་བཤད་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།
རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-01-17
ཀློག་གྲངས།:
ཟླ༡པོའི་ཚེས༡༤ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་བོད་སྐད་ཡིག་ཁྲིད་དཔྱོད་ཁག་གིས་སློབ་གྲྭའི་བཀྲ་ཤིས་རྣམ་རྒྱལ་གླིང་གི་ཚོམས་ཆེན་དུ། མཐོ་གསུམ་རིམ་པའི་སློབ་མ་རྣམས་ལ«སྐད་ཡིག་དང་ངའི་ནར་སོན་གྱི་ལོ་ཟླ»ཞེས་པའི་གཏམ་བཤད་འགྲན་སྡུར་སྐབས་གཉིས་པ་གཟབ་རྒྱས་ངང་སྤེལ།
༢༠༢༥ལོའི་སྟོན་དུས་ཀྱི་སློབ་སྐབས་མཇུག་རྫོགས་པའི་དུས་ལ་བསླེབས་པ་དང་བསྟུན་ནས། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་དགེ་སློབ་ཡོངས་ཀྱིས་སློབ་སྐབས་འདིའི་མཐའ་མཇུག་གི་བྱ་བ་རྣམས་ཚགས་ཚུད་པོར་ལེགས་འགྲུབ་འབྱུང་བར་ཧུར་བརྩོན་བགྱི་བཞིན་བྲེལ་ཟིང་གིས་ཁེངས་འདུག ཟླ༡པོའི་ཚེས༡༠ནས་མགོ་བརྩམས་ཏེ་ མཐོ་གཅིག་དང་མཐོ་གཉིས་རིམ་པ་ཉིན་བཞིའི་རིང་སློབ་སྐབས་འདིའི་སྦྱངས་འབྲས་ལ་ཚོད་བགམ་བྱེད་པའི་མཇུག་རྒྱུགས་ཀྱི་ལས་ལ་བྲེལ་བཞིན་མཆིས་ཤིང་། མཐོ་གསུམ་རིམ་པས་བོད་ཡིག་ཁྲིད་དཔྱོད་ཁག་གིས་གཏན་འབེབས་བྱས་པའི་སློབ་སྐབས་རེའི་འཆར་ཅན་གྱི་བྱ་འགུལ་ལྟར་ངག་གི་འཇོན་ནུས་ངོམ་པའི་གཏམ་བཤད་འགྲན་སྡུར་གྱི་བྱ་འགུལ་དུས་ལྟར་སྤེལ།
ཐེངས་འདིའི་འགྲན་སྡུར་ཐོག་མའི་འགྲན་སྡུར་དང་རྟིང་རྩོད་འགྲན་སྡུར་བཅས་རིམ་པ་གཉིས་སུ་ཕྱེས་ཡོད་པ་ལས། ཟླ༡པོའི་ཚེས༧ཉིན་གྱི་ཕྱི་དྲོར་མཐོ་གསུམ་གྱི་བོད་ཡིག་དགེ་རྒན་རྣམ་པས་འཛིན་གྲྭ་སོ་སོ་ནས་བདམས་ཐོན་བྱུང་བའི་སློབ་མ་༢༠ཡི་གཏམ་བཤད་ལ་རིམ་པ་བཞིན་གསན་ཞིང་དཔྱད་འཇོག་གནང་བ་བརྒྱུད་ནས། དེ་དག་ལས་བསལ་འདེམས་བྱུང་བའི་སློབ་མ༡༥མཇུག་མཐའི་རྟིང་རྩོད་འགྲན་སྡུར་ལ་ཞུགས་པའི་ཐག་གཅོད་གནང་།
ཚེས༡༤ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་། སློབ་མའི་མདོ་འཛིན་པ་ཕུན་ཚོགས་བཀྲ་ཤིས་དང་པདྨ་དཀར་མོ་གཉིས་ཀྱི་ཤིས་ཚིག་གིས་མདུན་བསུས་ཏེ་རྟིང་རྩོད་འགྲན་སྡུར་གྱི་མགོ་དངོས་སུ་བརྩམས། འགྲན་ཞུགས་པ་རྣམས་ཀྱིས«གཏམ་དཔེ་དང་སྦྱར་ནས་སློབ་གསོ་རགས་ཙམ་གླེང་བ»ཞེས་པ་དང་།«འུ་ཅག་གི་བླ་སྲོག་སྟེ—སྐད་དང་ཡི་གེ» «འོད་སྣང་ཡལ་བཞིན་པའི་མར་མེ་རྐང་གཅིག» «དུས་ཚོད་ཀྱི་རིན་ཐང» «དྲ་རྒྱ་ནི་རལ་གྲི་ཞིག་དང་འདྲ» «དཔེ་ཀློག་གི་དགེ་མཚན» «སྐད་ཡིག—སྲིད་ན་དཀོན་པའི་ནོར་བུ» «སློབ་སྦྱོང་ནི་མི་ཚེ་འདུན་མར་འཆར་འགོད་ཀྱི་གཞི་རྩ་ཡིན» «བླ་སྲོག་གི་འབོད་པ» «མི་ཚེའི་འདུན་མ»སོགས་སྐད་ཡིག་གི་བརྗོད་གཞི་རྩ་བར་བཟུང་། ཟུར་མང་པོའི་གཏམ་གྱི་ཡལ་འདབ་སྣ་ཚོགས་རིང་དུ་བསྲིངས་ཏེ། ཤེས་རྒྱ་བསྐྱེད་ཅིང་བློ་སྒོ་འབྱེད་པ། སྨྲ་བརྗོད་དག་ཅིང་གོ་རིམ་ལྡན་པ། སྤོབས་པ་རྒྱས་ཤིང་དང་བ་འདྲེན་པའི་དོན་གྱི་འབྲས་བུ་ཕུན་སུམ་ཚོགས་པའི་གཏམ་གྱིས་གསན་མཁན་ཡོངས་ལ་སྙིང་ཕུར་ཐེབས་སུ་བཅུག་ཅིང་། རིག་པའི་གསོལ་སྟོན་གྱ་ནོམ་པས་ཀུན་གྱི་ཡིད་ལ་དགའ་བ་འཕེལ་དུ་བཅུག
དེར་མཐུན་དཔྱད་འདེམས་དགེ་རྒན་རྣམ་པས་ཀྱང་ངག་གི་སྨྲ་ལྕེ་དང་གཏམ་གྱི་བྱང་ཆ། ལུས་ཀྱི་ཉམས་འགྱུར་དང་ཡིད་ཀྱི་སྤོབས་པ། དུས་ཀྱི་ཚོད་འཛིན་དང་གཏམ་བཤད་ཡི་གེ་བཅས་ཕྱོགས་མང་པོ་ནས་འདྲ་མཉམ་དྲང་བཞག་གིས་སྐར་མ་བརྒྱབ་ཅིང་། དགེ་སློབ་ཡོངས་ཀྱི་ལག་ཟུང་ཐལ་མོའི་རྡེབ་སྒྲའི་ཁྲོད་བྱ་དགའ་ཐོབ་པའི་སློབ་གྲོགས་ཚོར་ཨང་རིམ་ལྟར་གཟེངས་རྟགས་བསྩལ། མཐར་མཐོ་གསུམ་ལོ་རིམ་ཁག་གི་ཁག་གཙོ་རྒན་ཀླུ་བྱམས་རྒྱལ་གྱིས་སྤྱི་སྡོམ་གྱི་གཏམ་བཤད་གནང་ཞིང་མཉམ་པར་བླངས་རྗེས་བྱ་འགུལ་གྱི་མཇུག་རྫོགས་སོ། །
སྤྱིར་གཏམ་བཤད་ཀྱི་འཇོན་ནུས་ནི་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁྲོད་མི་ཞིག་ལ་འཛོམས་དགོས་པའི་ཡོན་ཏན་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་པ་ནི། ལོ་རྒྱུས་ཀྱིས་དགེ་ཐོན་པ། གཏམ་གྱིས་བཞད་གད་ཐོན་པ། ཤགས་ཀྱིས་ཕ་རོལ་གནོན་པ་སྟེ་ངག་གི་རྩལ་གསུམ་ཞེས་ཕོ་རྩལ་སྣ་དགུའི་གྲས་སུ་བགྲངས་ཡོད་པ་མ་ཟད། གཏམ་དཔེ་ལས་ཀྱང་བློ་རིག་པ་གློག་དམར་འཁྱུག་འཁྱུག གཏམ་ཁ་ལྕེ་མེ་ལྕེ་འབར་ཞེས་དང་གཏམ་ཁ་ལྕེ་བར་ནས་ཁྲོལ་དགོས། ཆོས་ཀ་ཁའི་ཡིག་རྩ་ཆོད་དགོས་ཞེས་དང་། གཏམ་ཁ་ལྕེ་བར་ནས་བོར་མི་ཉན། ཆང་དཀར་ཡོལ་ནང་ནས་འཕོ་མི་ཉན་ཞེས་སོགས་དེའི་གལ་ཆེན་རང་བཞིན་བརྗོད་པ་བགྲང་གིས་མི་ལང་བས་མཚོན་ནུས་ལ། དེ་བཞིན་མཐོ་འབྲིང་བོད་ཡིག་སློབ་དེབ་ཏུའང«གཏམ་བཤད»ཅེས་པའི་བསླབ་ཚན་གཅིག་ཆེད་དུ་བཀོད་སྒྲིག་བྱས་ནས་སློབ་མ་རྣམས་ཀྱི་གཏམ་བཤད་ཀྱི་ནུས་པ་བསྐྱེད་སྲིང་བྱ་དགོས་པའི་བླང་བྱ་བཏོན་ཡོད་པས། རེབ་འདིའི་བྱ་འགུལ་ལ་སྐད་ཡིག་གི་རྩ་བའི་ཡོན་ཏན་གོང་དུ་སྤེལ་བའི་བསླབ་ཚན་གསར་བའི་བཅོས་བསྒྱུར་གྱི་བླང་བྱ་ལག་ལེན་དུ་བསྟར་བའི་དོན་སྙིང་ཆེན་པོ་དང་ལྡན་ནོ། །
འབྲེལ་ཡོད་འོས་སྦྱོར།