མདའ་མོ་ལྟོང་ལ་བཀུགས་ནས་དཔྱིད་གསར་དུས་ཆེན་བསུས།
རྩོམ་པ་པོ།:སངས་རྒྱས་སྐྱབས་ཀྱིས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2025-02-10
ཀློག་གྲངས།:
དཔྱིད་ཀྱི་དྲོད་སྣང་གིས་དགུན་ཁའི་གྲང་ངར་ད་དུང་ཡོངས་སུ་སེལ་མེད་ནའང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་སྤྲོ་སེམས་འཁོལ་བའི་འགྲན་བསྡུར་ཞིག་ཚ་ཚ་འུར་འུར་སྤེལ་བཞིན་མཆིས། ཟླ2པའི་ཚེས5ཉིན། 2025ལོའི་དཔྱིད་གསར་དུས་ཆེན་གྱི་རོང་འབྲོག་པའི་མདའ་འཕེན་འགྲན་བསྡུར་གཅན་ཚ་རྫོང་གི་ཚོན་ལྡན་མདའ་ལྔའི་ལུས་རྩལ་ཐང་དུ་སྤྲོ་སེམས་འཁོལ་བའི་ངང་སྤེལ་མགོ་བརྩམས་ཏེ། གཅན་ཚའི་ས་གཞི་ཆེན་པོར་མཛེས་སྡུག་ལྡན་ལ་གསོན་ཤུགས་ཀྱིས་ཁེངས་པའི་ཚོན་མདངས་ཤིག་བསྣན་པའི་ཁར། རིག་གནས་ཀྲུང་གོའི་ལོའི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་འདུག

མདའ་རྩལ་འགྲན་པའི་ཡུལ་དངོས།
བོད་ལྭ་གྱོན་པའི་རོང་འབྲོག་མང་ཚོགས་ཀྱིས་མདའ་གཞུ་ལག་ཏུ་ཐོགས་ཏེ་སྔ་མོ་ནས་ལུས་རྩལ་ཐང་དུ་འདུས་ཤིང་།ཁོ་ཚོའི་གདོང་ཡོངས་གྲང་རླུང་གིས་གཙེས་ཏེ་དམར་པོར་གྱུར་འདུག་ནའང་། མིག་ནང་དུ་སྤྲོ་སྣང་དང་རེ་སྒུག་གིས་ཁེངས་འདུགའགྲན་བསྡུར་འགོ་མ་བརྩམས་པའི་སྔོན་ལ། སྣང་ར་ཞང་ལ་མོ་སྡེ་བའི་མདའ་འཕེན་རུ་ཁག་གི་རུ་མི་སྒྲོལ་དཔལ་གྱིས་རས་མཉེན་པོ་ཞིག་བླངས་ནས་གཞུ་སྲུང་སྣུམ་ཉུང་ཙམ་ཞིག་གཏིགས་རྗེས་མདའ་གཞུ་གཙང་མར་ཕྱིས་པ་བྱུང་། ཁོས“གཞུ་སྲུང་སྣུམ་ནི་གཞུ་ལ་ལྡེམ་ཤུགས་དང་དྲག་ཚད་ཆེས་བཟང་པོ་རྒྱུན་འཁྱོངས་བྱེད་པར་ཕན་པས། འགྲན་བསྡུར་ཁྲོད་གཞུ་འཐེན་སྐབས་གཏན་འཇགས་ཀྱི་ལྡེམ་ཤུགས་དང་མྱུར་ཚད་ལ་བརྟེན་ནས་ཕོག་ཚད་མཐོར་འདེགས་གཏོང་ཐུབ།”ཅེས་བཤད།
“སྒྲོལ་དཔལ། མདའ་ཚང་མ་གྲ་སྒྲིག་བྱས་ཟིན།”ཞེས་མདའ་གྲོགས་ཟོན་ཐར་རྒྱལ་གྱིས་མདའ་མོ་པང་གང་བཟུང་ནས་ཡོང་བ་དང་། མདའ་སྒྲོ་ནི་རླུང་གིས་ཡོམ་ཡོམ་དུ་སྒུལ་བར་བྱེད།
སྒྲོལ་དཔལ་གྱིས་མདའ་མོ་ཞིག་ཚུར་བླངས་ཏེ་དྲང་མོ་དང་རྣོན་པོ་ཡིན་མིན་ལ་ཞིབ་ཏུ་བལྟས། ཟོན་ཐར་རྒྱལ་གྱིས“ད་ཐེངས་ཀྱི་འགྲན་བསྡུར་ལ་རྩལ་མཁན་མང་པོ་ཞུགས་འདུག ང་ཚོས་གྲ་སྒྲིག་ཡག་པོ་བྱེད་དགོས་རྒྱུ་རེད།”ཅེས་བཤད་པ་དང་། སྒྲོལ་དཔལ་གྱིས་ཁོའི་ཕྲག་པར་བརྡེབས་ནས་དགོད་ཞོར་དུ“སྐྲག་ནས་ཅི་བྱེད། ང་ཚོས་དུས་རྒྱུན་དུ་སྦྱངས་པ་བྱས་པས་སྐྱོན་མེད”ཅེས་བཤད།
དེ་དང་ཐག་མི་རིང་བའི་ས་ཞིག་ཏུ། འབྲོག་པ་འགའ་མཉམ་དུ་བསྡད་ནས་སྤྲོ་སེམས་འཁོལ་བའི་ངང་མདའ་འཕེན་གྱི་ཐབས་རྩལ་ལ་གྲོས་བསྡུར་བྱེད་བཞིན་མཆིས། “གཞུ་འཐེན་སྐབས་ངེས་པར་དུ་ཤུགས་བརྟན་པོ་དང་སྙོམས་པོ་ཡོང་དགོས། གལ་ཏེ་མཚམས་རེར་ཤུགས་ཆེ་བ་དང་མཚམས་རེར་ཤུགས་ཆུང་དུ་བཏང་ན་མདའ་མོ་དྲང་མོར་ཕོག་མི་ཐུབ།”ཅེས་ཉམས་མྱོང་ཕུན་སུམ་ཚོགས་པའི་འབྲོག་པ་རྒན་གྲས་ཤིག་གིས་དེ་ལྟར་བཤད་པ་དང་། ཡང“གཞུ་འཐེན་སྟངས་ཀྱང་ཧ་ཅང་གལ་ཆེ་བ་ཞིག་རེད། ལུས་པོ་དྲང་མོར་འདུག་པ་དང་། རྐང་པ་གཉིས་ཕྲག་པ་དང་ཞེང་ཚད་གཅིག་མཚུངས་སུ་གྱེས་དགོས། དེ་ལྟར་བྱས་ན་གཞི་ནས་བརྟན་པོར་ལངས་ཐུབ་པ་དང་ཤུགས་ཀྱང་བཀོལ་ཐུབ།”ཅེས་བཤད།
ཡང་གཞན་ཞིག་གིས་མུ་མཐུད་དུ“རེད། མདའ་གཟས་སྐབས་མིག་དང་དམིགས་ཁུང་གཉིས་ངེས་པར་དུ་དྲང་ཐིག་ཅིག་ཏུ་འབབ་པ་དང་། སེམས་ཤུགས་ཀྱང་གཅིག་ཏུ་གཏད་དེ་སེམས་གཡེང་ཅུང་ཙམ་ཡང་བྱེད་མི་རུང་། མདའ་མོ་གཏོང་སྐབས་མཛུབ་མོར་ལྡེམ་མྱུར་ལྡན་དགོས། དེ་ལྟར་མིན་ཚེ་མདའ་ཡི་མྱུར་ཚད་དང་ཕོག་ཚད་ལ་གནོད་སྐྱེལ་སྲིད”ཅེས་བཤད།

མདའ་རྩལ་པ་རྣམས་ཀྱིས་འགྲན་སྔོན་དུ་ཕན་ཚུན་ལ་ཤུགས་རྒྱག་པ།
ཟོན་ཐར་རྒྱལ་དེར་སོང་ནས་ནན་ཏན་གྱིས་ཉན་ཞོར་ཁོ་ཚོའི་བཤད་པར་འཐད་པའི་མགོ་བོ་ཡང་ཡང་ལྡེམ། “དབུགས་ཀྱི་འབྱིན་རྔུབ་ཀྱང་ཧ་ཅང་གལ་ཆེ་བ་ཞིག་རེད། གཞུ་འཐེན་སྐབས་དལ་མོར་དབུགས་བླངས་ནས་ལུས་པོ་ལྷོད་དུ་གཏོང་བ་དང་། མདའ་མོ་གཏོང་སྐབས་དབུགས་ཁོག་ཏུ་བསྡུས་ན་ད་གཟོད་འབེན་ལ་ཕོག་ཐུབ”ཅེས་བཤད།ཚང་མས་དེ་ལྟར་མདའ་འཕེན་པའི་ཉམས་མྱོང་ཕན་ཚུན་ལ་སྦ་གསང་མེད་པར་མཉམ་སྤྱོད་བྱེད་ཅིང་། ཡུལ་དངོས་སུ་སྤྲོ་དགས་བརྟས་འདུག
འགྲན་བསྡུར་དངོས་སུ་མགོ་བརྩམས་རྗེས། སྒྲོལ་དཔལ་གྱིས་ལག་པས་མདའ་གཞུ་རིང་པོ་བརྟན་པོར་བཟུང་སྟེ་དལ་གྱིས་འཐེན་པ་ན། ཡུལ་དངོས་སུ་རེ་ཞིག་ལྷིང་འཇགས་སེར་སོང་། ཚང་མས་ཁ་རོག་གེར་ཁོར་བལྟས་བསྡད་པ་དང་། “སུའུ”ཞེས་པའི་སྒྲ་ཞིག་གྲགས་པ་དང་མཉམ་དུ་མདའ་མོ་ནི་གློག་ཞགས་འཁྱུགས་པ་དང་འདྲ་བར་འབེན་སྙིང་ཕྱོགས་སུ་འཕུར་བ་དང་། “ཕོག་འདུག”ཅེས་ལུས་རྩལ་ཐང་དུ་མི་རྣམས་ཀྱིས་དགའ་འབོད་བྱེད་པ་དང་ཐལ་མོ་རྡེབ་པའི་སྒྲས་ཁེངས་སོང་།
དེའི་འཕྲོའི་བདམས་ཐོན་པས་ལག་མཐིལ་ཕྱིས་ཞོར་མདའ་མོར་ཞིབ་བཤེར་ཞིབ་ཚགས་དང་ཟུར་ཚད་ཡང་ཡང་ལེགས་སྒྲིག་བྱེད་བཞིན་འདུག རྩལ་འགྲན་པ་ཡོངས་ཀྱིས་རང་རང་ས་ནས་གྲ་སྒྲིག་གང་ལེགས་བྱེད་བཞིན་མཆིས་ཤིང་། མི་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་མདའ་འཕེན་ལུས་རྩལ་ལ་དགའ་ཞེན་དང་སྲོལ་རྒྱུན་རིག་གནས་ལ་བརྩི་འཇོག་བྱེད་པའི་ངང་ཚུལ་ཞིག་ཀྱང་ངང་གིས་བཏོད་ཡོང་།
འགྲན་བསྡུར་སྤེལ་བ་དང་བསྟུན་ནས་འགྲན་རྩོད་སྔར་བས་ཛ་དྲག་ཏུ་གྱུར། ཡུལ་དངོས་སུ་གྲང་རླུང་འུར་འུར་དུ་ལྡང་ན་ཡང་མི་རྣམས་ཀྱི་སྤྲོ་སེམས་ལ་ཤུགས་རྐྱེན་ཏིལ་འབྲུ་ཙམ་ཡང་ཐེབས་མེད་པར། མདའ་འཕེན་འགྲན་བསྡུར་ལ་སྔར་བཞིན་གསོན་ཤུགས་དང་ངར་ཤུགས་ཀྱིས་ཁེངས་འདུག
རྫོང་ཚོན་ལྔ་མདའ་འཕེན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཉེ་ཞའོ་ཀང་གིས་གསར་འགོད་པར་བཤད་རྒྱུར། བོད་རིགས་སྲོལ་རྒྱུན་རིག་གནས་ཁྲོད་མདའ་འཕེན་ནི་རྩལ་ནུས་གལ་ཆེན་ཞིག་ཡིན་ཞིང་། དེ་སྔ་བོད་མི་རབས་ནས་མི་རབས་བར་རི་དྭགས་རྔོན་པ་དང་གཅན་གཟན་བཏུལ་ནས་འཚོ་བ་རོལ་ཞིང་། དུས་ཚོད་ཀྱི་འཕོ་འགྱུར་དང་བསྟུན་ནས། མདའ་འཕེན་དེ་རིམ་བཞིན་དངོས་སྤྱོད་རྩལ་ནུས་ནས་དམངས་སྲོལ་གྱི་བྱེད་སྒོ་གལ་ཆེན་ཞིག་ཏུ་གྱུར་ཅིང་། དེར་རིག་གནས་ཀྱི་ནང་དོན་གཏིང་ཟབ་ལྡན་པར་མ་ཟད། སྟོབས་ཤུགས་དང་ཐབས་རྩལ་མངོན་པ་ཞིག་ཡིན་ལ། དཔའ་ངར་ཆེ་ཞིང་འཇིགས་པ་མེད་པ་དང་བློ་བརྟན་འགྱུར་མེད་ཀྱི་བསམ་པའི་གཤིས་རྒྱུད་མཚོན་ཡོད་པ་ཞིག་ཡིན།
གཅན་ཚ་རྫོང་ནི་ཀྲུང་གོའི་མི་རིགས་མདའ་འཕེན་ལུས་རྩལ་གྱི་ཕ་ཡུལ་ཡིན་པ་དང་། ཡུལ་དེར་མདའ་འཕེན་གྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། མི་རིགས་ཁག་ལ་ལོ་རྒྱུས་ཐོག་སྡེ་བ་ཕན་ཚུན་གདན་དྲངས་ནས་མདའ་འཕེན་པའི་སྲོལ་རྒྱུན་གྱི་གོམས་སྲོལ་ཡོད། འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་བསྟུན་ནས་མདའ་འཕེན་པ་ནི་གཅན་ཚ་རྫོང་གི་མང་ཚོགས་ཀྱི་རིག་གནས་འཚོ་བའི་ཐད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། མདའ་འཕེན་འགྲན་བསྡུར་དེ་མི་རིགས་ཁག་གིས་བློ་རྩེ་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་སྤྲོ་སྣང་གི་གར་སྟེགས་ཤིག་ཏུ་གྱུར་ཡོད། ཚང་མས་འགྲན་ར་གཅིག་ཏུ་འགྲན་བསྡུར་དང་ལག་རྩལ་སྤེལ་རེས། བརྩེ་དུང་ཟབ་ཏུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་དབར་གྱི་རིག་གནས་སྤེལ་རེས་དང་མཉམ་འདྲེས་སྔར་བས་གཏིང་ཟབ་ཏུ་ཕྱིན་ཡོད།
ཐེངས་འདིའི་འགྲན་བསྡུར་ནང་རྫོང་ཡོངས་ཀྱི་གྲོང་རྡལ་གསུམ་དང་ཞང་དྲུག་གི་བསྡོམས་པས་རུ་ཁག29དང་། རོང་འབྲོག་པའི་བདམས་ཐོན་པ609ཞུགས་པ་དང་། དུས་ཡུན་ཉིན6གི་རིང་ལ་མདའ་འཕེན་ར་བ3དང་མདའ་འཕེན་ས6ཏུ་འགྲན་བསྡུར་ཐེངས131བྱས་ཤིང་། འགྲན་བསྡུར་གྱི་ཉིན་དང་པོར་ཡུལ་དངོས་སུ་ལྟད་མོ་པ་ཁྲི1.6ལས་བརྒལ་ཡོད།
སྒྲོལ་དཔལ་གྱིས་དགོད་ཞོར་དུ“ལོ་གསར་དུ་མདའ་འཕེན་པ་ནི་བྱ་བ་ཐམས་ཅད་གེགས་མེད་བདེ་བླག་ཡོང་བ་མཚོན་ཞིང་། འགྲན་བསྡུར་བྱས་པ་བརྒྱུད་མི་མང་པོ་ཞིག་གིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུས་ལོན་ཐུབ་པ་མ་ཟད། བོད་རིགས་གཞོན་ནུ་ཚོས་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་བྱེད་ཀྱིན་པའང་ཚང་མས་མཐོང་ཐུབ”ཅེས་བཤད།
གཅན་ཚ་རུ། མདའ་འཕེན་པ་ནི་མདའ་མོ་ལྟོང་ལ་བཀུགས་པ་ཙམ་མ་ཡིན་པར། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་འབྲེལ་ཐག་ཀྱང་ཡིན། དེས་དཔྱིད་གསར་དུས་ཆེན་ལ་གསོན་ཤུགས་དང་རེ་བས་ཁེངས་ཆུ་བཅུག་ཐོག མི་རྣམས་ཀྱིས་འགྲན་བསྡུར་ཁྲོད་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འགུགས་ཤུགས་ཚོར་ཐུབ་ཅིང་། མཐུན་སྒྲིལ་གྱི་ཨ་ལོང་དམ་དུ་སྦྲེལ་བའི་ལོ་གསར་པ་ཞིག་ཀྱང་བསུ་ཐུབ། །
འབྲེལ་ཡོད་འོས་སྦྱོར།