རྒྱལ་ཡོངས་བོད་འགྱིག་འགྲན་སྡུར་སྐབས་བཅུ་གསུམ་པ་རྔ་བ་རྫོང་དུ་མཇུག་འགྲིལ།
རྩོམ་པ་པོ།:སྒྲོལ་དཀར་སྐྱིད།
ཡོང་ཁུངས།:རྔ་སྒྲ།
དུས་ཚོད།:2025-04-29
ཀློག་གྲངས།:
ཟླ4ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་བོད་འགྱིག་འགྲན་སྡུར་སྐབས་བཅུ་གསུམ་པའི་འགྲན་རིམ་ཡོངས་ལེགས་གྲུབ་བྱུང་རྗེས་མཇུག་སྒྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ། རྔ་བ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་བོད་འགྱིག་འགྲན་ཞུགས་པ160ལྷག་དང་། བོད་འགྱིག་འགྲན་སྡུར་ལ་མོས་མཁན་ཚོ་མཉམ་དུ་འཛོམས་ཏེ་ཐེངས་དེའི་བོད་འགྱིག་འགྲན་སྡུར་བདེ་བླག་ངང་མཇུག་སྒྲིལ་བ་བདེན་དཔང་བྱས།

རྔ་བ་རྫོང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་འཇམ་དབྱངས་རབ་བརྟན་གྱིས་བཤད་རྒྱུར། ཐེངས་འདིའི་འགྲན་སྡུར་ནི་བོད་འགྱིག་སྒྱུ་རྩལ་གྱི་འགྲན་རྩོད་རྩེ་གྲས་ཤིག་ཡིན་ལ། ལྷག་པར་དུ་རྔ་བ་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན། ང་ཚོས་བོད་འགྱིག་འབྲེལ་ཐག་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཡི་ཁོངས་ཡོངས་ཡུལ་སྐོར་ཐད་ཀྱི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་དང་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། བཀོད་སྒྲིག་བཅས་ཐད་ཀྱི་བླང་བྱ་ལག་བསྟར་བྱས་ཏེ། “རིག་གནས+ཡུལ་སྐོར”འཕེལ་རྒྱས་ཀྱི་སྒུལ་ཤུགས་སྐུལ་སློང་བྱེད་པ་བརྒྱུད། མང་ཚོགས་ལས་ཀ“སེ་འབྲུ”ལས་གཞི་གསོན་ཤུགས་བསྣན་ནས་རྔ་བ་རྫོང་གི་ཡུལ་སྐོར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་བ་འདོན་སྤྲོད་བྱས་ཡོད།

འགྲན་སྡུར་གྱི་མཇུག་སྒྲིལ་ས་ནི་རྒྱུན་འཛིན་གྱི་མགོ་ཚུགས་ས་གསར་བ་ཞིག་ཀྱང་ཡིན་ལ། ང་ཚོས་ཐེངས་འདིའི་བོད་འགྱིག་འགྲན་སྡུར་དེ་གོ་སྐབས་ཤིག་ཏུ་བརྩིས་ནས། བོད་འགྱིག་རིག་གནས་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་སུ་སྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་འཛུགས་བྱེད་པ་དང་རྔ་བ་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་སྐྲུན་ཆེད་དགེ་མཚན་ལྡན་པའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

ཐེངས་དེའི་འགྲན་སྡུར་གྱི་ཤན་འབྱེད་དཔོན་པོ་དང་རྔ་བ་རྫོང་བོད་འགྱིག་མཐུན་ཚོགས་ཀྱི་ཚོགས་གཙོས་འགྲན་སྡུར་གྱི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། རྔ་བ་རྫོང་ཁྲིམས་འཛིན་ཅུས་ཀྱི་གཞུང་དཔང་མི་སྣས་ཡུལ་དངོས་ནས་གཞུང་དཔང་བྱས། བསྟུད་མར་ཉིན3ལ་ཛ་དྲག་ཆེ་བའི་འགྲན་སྡུར་རེས་སྐོར13བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་གི་འགྲན་ཞུགས་བདམས་ཐོན་པ་བདུད་འདུལ་སྐྱབས་ཀྱི་ཐེངས་དེའི་འགྲན་སྡུར་ལས་ཨང་དང་པོ་ཐོབ། ཁོས་ཐེངས་དེའི་འགྲན་སྡུར་ནང་ཞུགས་པ་དང་ཨང་དང་པོ་ཐོབ་པ་གཟི་བརྗིད་དུ་བརྩིས་ཡོད། གཙོ་གཉེར་ཕྱོགས་ཀྱིས་སྟེགས་བུ་འདི་བསྐྲུན་པར་བཀའ་དྲིན་ཆེ་ཞུས། མ་འོངས་པར་སླར་ཡང་འདི་ལྟ་བུའི་གོ་སྐབས་མང་བོ་ཐོབ་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ལ། ངས་མུ་མཐུད་དུ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད།

ཐེངས་དེའི་འགྲན་ཞུགས་པ་ཚོའི་ངོས་ནས་བརྗོད་ན། འགྱིག་རིས་ཀྱི་ཐོག་ཏུ་མངོན་པ་ནི་ཕུལ་དུ་བྱུང་བའི་འགྱིག་རྩལ་ཙམ་མ་ཡིན་པར། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཤིས་རྒྱུད་དང་མཐུན་ཞིང་ཐ་དད་པའི་རིག་གནས་འཆམ་མཐུན་གྱི་ཀུན་སྤྱོད་ཀྱང་མཚོན་ཡོད། ཁོང་ཚོས“མིག་མངས་ལ་བརྟེན་ནས་གྲོགས་པོར་ཐུག་པ་དང་རིག་གནས་ལ་བརྟེན་ནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ”ཡི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། བོད་འགྱིག་དེ་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་དེའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མཚོན་པར་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།