logo

༄༅། །མཐོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-04-30 ཀློག་གྲངས།:
       མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་བོད་ཡིག་ཁྲིད་དཔྱོད་ཁག་གིས། ལོ་རིམ་གསུམ་གྱི་འཆར་ཅན་གྱི་བྱ་འགུལ་བཀོད་སྒྲིག་ལྟར་མཐོ་གསུམ་རིམ་པར“སྐད་ཡིག་དང་ངའི་ནར་སོན་གྱི་ལོ་ཟླ”ཞེས་པའི་རྩོམ་ཡིག་འགྲན་སྡུར་དང་འགྲེམས་སྟོན་གྱི་བྱ་འགུལ་སྤེལ།
       ཐེངས་འདིའི་རྩོམ་ཡིག་ནི་གཞོན་ནུའི་ལང་ཚོ་དང་འབྲེལ་བའི་རྒྱུ་ཆ་ཅན་གྱི་རྩོམ་ཡིག་གི་ཕྱོགས་སུ་གཏོགས་ཤིང་རྩོམ་ལུས་ལྷུག་རྩོམ་ཡིན། བྱ་འགུལ་གྱི་གོ་རིམ་རྩོམ་ཡིག་འགྲན་སྡུར་དང་རྩོམ་ཡིག་འགྲེམས་སྟོན་བྱེད་པ་གཉིས་སུ་འདུས།
       ཟླ༤པའི་ཚེས༨ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་ནས་དགུའི་བར། ཐོག་མར་མཐོ་གསུམ་གྱི་འཛིན་གྲྭ་སོ་སོར་སློབ་མ་ཡོངས་ལ་རྩོམ་ཡིག་འབྲི་རུ་བཅུག་སྟེ། བོད་ཡིག་དགེ་རྒན་གྱིས་རང་གི་འཛིན་གྲྭས་བྲིས་པའི་རྩོམ་ཡིག་ལ་ཞིབ་ཏུ་བལྟས་ནས་དེ་དག་ལས་རྩོམ་ཡིག་ལྔ་ལོ་རིམ་གྱི་འགྲན་སྡུར་ལ་ཞུགས་པའི་བརྩམས་ཆོས་སུ་བདམས་ཏེ་ཡར་སྤྲད་པའི་འཛིན་གྲྭ་རིམ་པའི་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ་དང་། དེ་རྗེས་དཔྱད་འདེམས་པའི་དགེ་རྒན་ལྔ་ཡིས་འཛིན་གྲྭ་བཅུ་གསུམ་ནས་བདམས་པའི་རྩོམ་ཡིག༦༥ལས༣༢བསལ་ཞིང་། དེ་ལས་རྩོམ་ཡིག༡༥ལོ་རིམ་ཡོངས་ཀྱི་རྟིང་རྩོད་འགྲན་སྡུར་དུ་ཞུགས་པའི་བརྩམས་སུ་བདམས་ཏེ་ཆ་རྐྱེན་ལྟར་འདྲ་མཉམ་དྲང་གཞག་གིས་སྐར་མ་ཕྱིན་རྗེས། ཐོབ་སྐར་ལྟར་ཨང་དང་པོ་གཅིག་དང་གཉིས་པ་གཉིས། གསུམ་པ་བཞི། ཕུལ་བྱུང་བྱ་དགའ་བརྒྱད་བཅས་ཀྱི་བྱ་དགའི་རིམ་པ་ལེགས་པར་ཕྱེའོ། །
       ཟླ༤པའི་ཚེས༢༩ཉིན་གྱི་ཞོགས་པའི་སློབ་གསེང་རྩལ་སྦྱོང་གི་སྐབས་སུ། རིག་བྱེད་ཕུན་ཚོགས་གླིང་གི་མདུན་གྱི་ཐང་ཆེན་དུ་བྱ་འགུལ་གྱི་རིམ་པ་གཉིས་པ་གཟབ་རྒྱས་ངང་སྤེལ་ཅིང་། འབུམ་རམས་པ་རྒན་བྱམས་པ་ཚེ་རིང་གིས་བྱ་འགུལ་ལ་མདོ་འཛིན་བྱས། མཛུབ་སྟོན་དགེ་རྒན་གྱིས་བྱ་དགའ་ཐོབ་པའི་བརྩམས་ཆོས་གློག་ཀླད་དུ་གཏགས་ནས་དཔྱད་བརྗོད་སྤེལ་ཅིང་། སློབ་མའི་མཚམས་སྦྱོར་མདོར་བསྡུས་དང་འདྲ་པར་བཅས་བཀོད་པའི་དཔར་མ་དང་། འགྲན་ཞུགས་བརྩམས་ཆོས་དངོས། ཨང་རིམ་བཅས་གསལ་བའི་སྤུས་དག་པའི་འགྲེམས་པང་རྣམས་རྒྱལ་དར་གྱི་མཐའ་སྐོར་དུ་འགྲེམས་སྟོན་བྱས་ཤིང་། བོད་ཡིག་དགེ་རྒན་རྣམས་དང་ལོ་རིམ་སོ་སོའི་འཛིན་བདག སློབ་མ་ཡོངས་ཀྱི་ལག་ཟུང་མཐེབ་མོའི་རྡེབ་སྒྲའི་ཁྲོད་བྱ་དགའ་ཐོབ་པའི་སློབ་མ་ཚོར་གཟེངས་བསྟོད་ཡི་གེ་དང་བྱ་དགའ་བསྩལ།
བྱ་དགའ་ཐོབ་པའི་བརྩམས་ཆོས་འགྲེམས་སྟོན་བྱས་པ།
བྱ་དགའ་ཐོབ་པའི་སློབ་མར་བྱ་དགའ་གནང་བ།
       མཐར་རྒན་བྱམས་པ་ཚེ་རིང་གིས། ཐེངས་འདིའི་ཨང་རིམ་དུ་ཚུད་པའི་བརྩམས་ཆོས་དག་མཚོ་ལྷོ་ཁུལ་གྱི“ལྗང་མྱུག་བུམ་པ”རྟགས་མའི་ཆུང་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་སྐབས་གཉིས་པའི་འགྲན་ཞུགས་བརྩམས་ཆོས་ཀྱི་གྲས་སུ་མཛུབ་སྟོན་དགེ་རྒན་གྱི་མིང་དང་བཅས་ཏེ་འོས་སྦྱོར་བྱ་རྒྱུ་དང་། རྩོམ་འབྲིའི་དགོས་པ་ལས་འཕྲོས་ཏེ་རེབ་འདིའི་རྩོམ་ཡིག་འགྲན་སྡུར་ལ་སྤྱི་སྡོམ་མདོར་བསྡུས་གནང་རྗེས་བྱ་འགུལ་གྱི་མཇུག་ཡོངས་སུ་རྫོགས་སོ། །
བྱ་འགུལ་གྱི་ཡུལ་དངོས།
དགེ་སློབ་ཟུང་གི་ལྷན་པར།
       སྤྱིར་ལོ་རེའི་མཐོ་རྒྱུགས་ཁྲོད་དུ་རྩོམ་ཡིག་གིས་ཆ་སྙོམས་ཀྱིས་སྐར་མ༥༠ནས༦༠ཟིན་པས། རྩོམ་ལེགས་པོ་ཞིག་འབྲི་ཤེས་མིན་ནི་རྒྱ་བོད་དབྱིན་གསུམ་ལ་རྒྱུགས་འབྲས་གཡུར་དུ་ཟ་བ་ཞིག་ལེན་ཐུབ་མིན་གྱི་གནད་འགག་ལྟ་བུར་གྱུར་ཡོད། དེས་ན་ཇི་སྐད་དུ། རླབས་ཆེན་གྱི་རྩོམ་པ་པོ་སྐུ་ཞབས་ལུའུ་ཞུན་གྱིས། “རྩོམ་ཡིག་ཇི་ལྟར་འབྲི་དགོས་ཤེ་ན། ང་ལ་གསལ་བོ་ཞིག་བཤད་རྒྱུ་མེད། དེའི་རྒྱུ་མཚན་ནི་ངས་རྩོམ་ཡིག་མང་དུ་བཀླགས་པ་དང་མང་དུ་འབྲི་སྦྱོང་བྱས་ནས་བྱུང་བ་ཡིན་ལ། དེ་ལས་གཞན་པའི་འཆར་སྣང་ངམ་མན་ངག་ཅིག་ང་ལ་མེད”ཅེས་གསུངས་པ་བཞིན། མང་དུ་ཀློག་དང་མང་དུ་འབྲི་བ་ནི་རྩོམ་ཡིག་འབྲི་སྦྱོང་བྱེད་པའི་ཐབས་མཆོག་ཅིག་ཡིན་པས། མཐོ་གསུམ་གྱི་བོད་ཡིག་དགེ་རྣམས་ཀྱིས་ཀྱང་ནམ་རྒྱུན་སློབ་མ་ཚོར་འབྲེལ་ཡོད་རྒྱུ་ཆ་ལྟ་ཀློག་དང་རྩོམ་ཡིག་མང་དུ་འབྲི་བའི་ཕྱོགས་ལ་གཞོལ་བཞིན་ཡོད་ཅིང་། བོད་ཡིག་ཁྲིད་དཔྱོད་ཁག་གི་འཆར་ཅན་གྱི་བྱ་འགུལ་ལས་མཐོ་གསུམ་སློབ་མ་རྣམས་ལ་རྩོམ་ཡིག་འགྲན་སྡུར་བཀོད་སྒྲིག་བྱས་པའང་དེ་དང་དགོས་པ་མཚུངས་ལྡན་དུ་དམིགས་པ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།