logo

གླུ་བ་རིན་ཁོའི་ཆེད་སྒྲིག་གསར་པའི་འགྲེམ་སྤེལ་ཁྱབ་བསྒྲགས་མཛད་སྒོ།

རྩོམ་པ་པོ།: ཡོང་ཁུངས།:ཀན་ལྷོའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2025-05-23 ཀློག་གྲངས།:
       ཉེ་སྔོན། ཀན་ལྷོ་ཁུལ་བོད་ཀྱི་སྲོལ་རྒྱུན་དམངས་གླུ་སྲུང་སྐྱོབ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་སྙན་འཇེབས་ངག་གི་དགའ་སྟོན་ཏེ་རང་ཁུལ་གྱི་དམངས་གླུ་སྒྱུ་རྩལ་པ་རིན་ཁོའི་དམངས་གླུ་ཆེད་སྒྲིག་འགྲེམ་སྤེལ་ཁྱབ་བསྒྲགས་མཛད་སྒོ་དང་དམངས་གླུ་རིག་གནས་བཞུགས་མོལ་ཚོགས་འདུ་གཙོས་གྲོང་ཁྱེར་ནས་འཚོགས།
       ས་གནས་སོ་སོའི་དམངས་གླུ་དང་དམངས་སྲོལ་ཆེད་མཁས་པ། སྒྱུ་རྩལ་པ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་ཐོན་པའི་དམངས་གླུ་ལ་མོས་མཁན་རྣམས་གདན་གཅིག་ཏུ་འཛོམས་ཏེ་ཆེད་སྒྲིག་གསར་པ་དང་བོད་ཀྱི་དམངས་གླུའི་ཁྱད་ཆོས་དང་རིན་ཐང་། ཀན་ལྷོའི་དམངས་གླུ་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་དགའ་མགུ་འཕེར་བའི་སྒོ་ནས་དཔྱད་བརྗོད་སྤེལ།
       ཐེངས་འདིའི་དམངས་གླུ་ཆེད་སྒྲིག«སྙན་འཇེབས་ངག་གི་དགའ་སྟོན»དུ«ང་འཇིག་རྟེན་འདི་ན་ཕ་ཞིག་དགོས།» «འདི་ཡང་ཡང་འཛོམས་པའི་སྨོན་ལམ་འདེབས།» «གླུ་དེ་རིང་མི་ལེན་ནམ་རེ་ལེན»སོགས་ཉེ་བའི་ལོ་དུ་མའི་རིང་གསར་དུ་བླངས་པའི་དམངས་གླུ་བཅུ་གསུམ་བསྡུས་ཡོད་ཅིང་། ནང་དོན་ཐད་ནས་བཅོས་སྒྱུར་སྒོ་འབྱེད་ཚུན་ཆད་ཀྱི་ཀན་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་སོགས་ཀྱི་གཡུར་ཟའི་འབྲས་བུ་ལ་བསྔགས་བརྗོད་བྱས་ཡོད་ཅིང་། དུས་རབས་གསར་པའི་ཀན་ལྷོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་མངོན་དུ་འགྱུར་ཕྱིར་འབད་འབུངས་བྱས་པའི་ངང་ཚུལ་མངོན་པར་མཚོན་ཡོད།
       ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ཡིས། ཀན་ལྷོའི་དམངས་ཁྲོད་གླུ་གཞས་སྒྱུ་རྩལ་འཛིན་སྐྱོང་ལ་གར་སྟེགས་ལེགས་པོ་ཞིག་བསྐྲུན་ཞིང་། ཆེད་མཁས་པ་དང་སྒྱུ་རྩལ་པ་རྣམས་ཀྱིས་གླུ་བ་རིན་ཁོ་དང་ཁོང་གི་ཆེད་བསྒྲིགས«སྙན་འཇེབས་ངག་གི་དགའ་སྟོན»ལ་གདེང་འཇོག་ཚད་མཐོན་པོ་དང་དཔྱད་བརྗོད་ལྷུག་པར་སྤེལ།  ཆེད་སྒྲིག་འདི་བཀྲམ་པ་ཡིས་ཀན་ལྷོའི་སྲོལ་རྒྱུན་གྱི་དམངས་ཁྲོད་རོལ་མོའི་སྒྱུ་རྩལ་སྲུང་སྐྱོབ་རྒྱུན་འཛིན་དང་། ཀན་ལྷོ་མི་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སེམས་ཤུགས་ཆེར་བསྐྱེད་ཀྱིས་དུས་རབས་གསར་པའི་ཁྱད་ཆོས་ལྔ་ལྡན་གྱི་ཀན་ལྷོ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་མཐུན་མོང་གཞི་གཅིག་གི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དཔེ་མཚོན་ཁུལ་བསྐྲུན་འགྲོས་ཇེ་མགྱོགས་སུ་གཏོང་བར་བསམ་པའི་དཔལ་ཡོན་གྱི་མཐུན་རྐྱེན་གདོན་ཐུབ་ཅེས་མགྲིན་གཅིག་ཏུ་སྨྲས།
       དམངས་གླུ་ནི་མི་རིགས་ཤིག་གི་འཚོ་གནས་ཀྱི་ཁོར་ཡུག་དང་ཐོན་སྐྱེད་བྱེད་སྟངས། འཚོ་བའི་གོམས་གཤིས། བསམ་པའི་འཁྱེར་སོ། སེམས་ཚོར་དང་བརྩེ་བའི་འགྱུ་བག མཛེས་དཔྱོད། ལོ་རྒྱུས་སོགས་མཚོན་པའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་ངག་ཐོག་སྒྱུ་རྩལ་ཞིག་ཡིན་ལ། མི་རབས་ནས་མི་རབས་ནས་བརྒྱུད་པའི་རིག་གནས་ཀྱི་ཤུལ་བཞག་ཅིག་ཀྱང་ཡིན། བོད་ཀྱི་དམངས་གླུའང་དེ་ནང་བཞིན་ཏེ། ཐུན་མོང་མ་ཡིན་པའི་ངག་གི་འགྱུར་ཁུག་དང་། གོ་བདེ་ལ་ཡིད་ཀྱི་དང་བ་འདྲེན་པའི་ཚིག་གི་སྦྱོར་བ་ཡིས། མཐོ་སྒང་དུ་འཚོ་ཞིང་གནས་པའི་མི་རིགས་འདི་ཡི་མཚར་སྡུག་གི་གཏམ་རྒྱུད་དགུང་སྔོན་པོའི་མཐོངས་སུ་གྱེར་ཞིང་། བདེ་སྐྱིད་འཚོ་བ་ལ་བཅངས་པའི་རེ་སྨོན་མདུན་སྐྱོད་ཀྱི་གོམ་སྒྲ་དང་སྦྲགས་ཏེ་དུས་རབས་གསར་པའི་ངོགས་སུ་སྒྲོག
ཚོགས་ཞུགས་མཉམ་པར།
འབྲེལ་ཡོད་འོས་སྦྱོར།