logo

ཅོ་ནེ་རྫོང་གིས་ལོ་ལོན་བརྒྱ་ཡིས་གསོལ་སྟོན་རྣམ་གསུམ་བཞེས་ཞེས་པའི་བྱེད་སྒོ་སྤེལ།

རྩོམ་པ་པོ།: ཡོང་ཁུངས།:ཀན་ལྷོའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2025-07-21 ཀློག་གྲངས།:
       ཟླ7པའི་ཚེས20ཉིན། ཅོ་ནེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་ཅོ་ནེ་རྫོང་གི་ཡུལ་སྲོལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བཞི་པ་དང་འཁོར་གཏོང་དགའ་སྟོན་ཆེན་མོ་སྐབས་ལྔ་པ་ལས“ལོ་ལོན་བརྒྱ་ཡིས་གསོལ་སྟོན་རྣམ་གསུམ་བཞེས”ཞེས་པའི་བྱེད་སྒོ་ཅོ་ནེ་སྟག་འགག་ཐང་ནས་སྤེལ། རྫོང་ཡོངས་ཀྱི་ཤང་དང་གྲོང་བརྡལ་བདུན་ནས་ཕེབས་པའི་རྒན་རྒོན་བརྒྱ་གསོལ་སྟོན་དུ་གདན་དྲངས་ཤིང་། ཅོ་ནེ་རྫོང་རྫོང་ཨུའི་ཧྲུའུ་ཅི་མཱ་ཁྲེང་མཱིང་སོགས་རྫོང་གི་འབྲེལ་ཡོད་མགོ་ཁྲིད་ཁག་ཡུལ་དངོས་སུ་ཡོང་སྟེ་རྒན་རྒོན་རྣམས་ལ་འཚམས་འདྲི་བྱས།
       ཅོ་ནེའི་གསོལ་སྟོན་རྣམ་གསུམ་ཞེས་པ་ནི། བོད་རྒྱལ་གསོལ་སྟོན་དང་ཅོ་ནེ་དཔོན་པོའི་གསོལ་སྟོན། ཀླུ་ཆབ་སྔོན་མོའི་གསོལ་སྟོན་བཅས་ཡིན་ལ། དེ་ལས་བོད་རྒྱལ་གསོལ་སྟོན་ནི། ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རང་ཡུལ་ཅོ་ནེ་རུ་ལོག་སྐབས། ཡུལ་མི་རྣམས་ཀྱིས་ས་གནས་ཀྱི་འབྲུ་རིགས་སྣ་ལྔ་དང་། རི་སྐྱེས་སྨན་སྣ་རྩ་ཆེན་དང་ཤིང་འབྲས་སྣ་ཚོགས། ད་དུང་དཀར་གསུམ་དམར་གསུམ་སོགས་རྒྱུ་ཆར་བྱས་པའི་བཟའ་བཏུང་གྱ་ནོམ་པ་མཆོད་པར་ཕུལ་ཏེ་ཕེབས་བསུ་བྱས་པ་ལས་དར། ཅོ་ནེ་དཔོན་པོའི་གསོལ་སྟོན་ནི་སྔར་ཅོ་ནེ་དཔོན་ཚང་གིས་སྐུ་མགྲོན་འགངས་ཅན་སྣེ་ལེན་བྱེད་སྐབས་གྲ་སྒྲིག་བྱས་པའི་ཟས་མཆོག་ཡིན་ཞིང་། ད་ལྟའི་བར་ལོ་ངོ500ལྷག་གི་ལོ་རྒྱུས་ཡོད་པར་གྲགས། གཞན་ཡང་ཀླུ་ཆབ་སྔོན་མོའི་གསོལ་སྟོན་ནི་ཀླུ་ཆུའི་འགྲམ་རྒྱུད་དུ་འཚོ་ཞིང་གནས་པའི་ཅོ་ནེའི་རིགས་སོ་སོའི་མི་དམངས་ཀྱིས་མི་རབས་ནས་མི་རབས་སུ་བརྒྱུད་པའི་རྒྱུན་ལྡན་གྱི་བཟའ་བཅའ་སྟེ། མང་ཚོགས་ཀྱི་འཚོ་བ་དང་ཆེས་ཐག་ཉེ་བའི་ཟས་སྣ་ཡིན།
      རོ་བཅུད་མཆོག་ཏུ་གྱུར་བའི་བཟའ་བཏུང་སྣ་ཚོགས་གྱིས་རོ་འཛིན་གྱི་དབང་པོ་ཚིམ་པར་བྱས་པ་ལས་གཞན། མཚར་དུ་དངར་བའི་གླུ་གར་གྱི་ལྟད་མོ་རེ་རེའང་རྒན་རྒོན་རྣམས་དང་། ཡུལ་དངོས་ཀྱི་སྐུ་མགྲོན་དང་མང་ཚོགས་ཀུན་གྱི་ཕྲ་ཆུང་མིག་གི་དགའ་སྟོན་དང་དར་ལུང་རྣ་བའི་བདུད་རྩིར་གྱུར། ལར་ཅོ་ནེའི་ཡུལ་དུ་ཚེ་ཐག་རིང་བའི་རྒན་རྒོན་མང་པོ་ཡོད་ཅིང་། ཐེངས་འདིའི་བརྩེ་སེམས་དང་དྲོད་ཁོལ་གྱིས་ཁེངས་པའི་གསོལ་སྟོན་གྱིས་ཅོ་ནེའི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ལོ་ལོན་རྣམས་ལ་མཐོང་ཆེན་དང་ཐུགས་ཁུར་བྱེད་པའི་ལྷག་བསམ་མཚོན་ཡོད་ལ། གསོལ་སྟོན་དུ་བཤམས་པའི་བཟའ་བཏུང་རེ་རེའི་ཁྲོད་ཅོ་ནེ་ཡུལ་གྱི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་གཟི་དཔལ་དང་ཡུལ་འདིའི་མི་རིགས་སོ་སོའི་བློ་གྲོས་ཀྱི་ཉིང་བཅུད་འདུས་ཡོད།
       ཐེངས་འདིའི་བྱེད་སྒོ་ནི་ཅོ་ནེའི་ཡུལ་མི་རྣམས་ཀྱིས་རྒན་བཀུར་ཆུང་བྱམས་ཀྱི་ཡ་རབས་སྲོལ་བཟང་རྒྱུན་འཛིན་བྱས་ཏེ་རྒན་རྒོན་རྣམས་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་ཞུ་ཚུལ་ཞིག་དང་། ཅོ་ནེ་ཡུལ་གྱི་རྫོང་སྟུག་ཅིང་རྒྱུན་རིང་བའི་ལོ་རྒྱུས་དང་། སྣ་མང་ཕུན་སུམ་ཚོགས་པའི་བཟའ་བཏུང་གི་རིག་གནས་དར་སྤེལ་གཏོང་བའི་གར་སྟེགས་ཤིག་ཀྱང་ཡིན།
       ཅོ་ནེ་རྫོང་གིས་བརྩེ་སེམས་ཀྱིས་ཕྱུག་པའི་བྱེད་ཐབས་ཀྱིས་མང་ཚོགས་ཀྱི་བྱ་བ་ཡོངས་སུ་ཁེབས་པ་ལྔ་ལག་ཏུ་བསྟར་ཏེ། མི་རིགས་རིག་གནས་དང་དམངས་འཚོའི་དོ་ཁུར་མཉམ་འདྲེས་གཏིང་ཟབ་མོར་བཏང་བའི་བྱེད་ཕྱོགས་ཤིག་ཀྱང་ཡིན་པར་མ་ཟད། ཅོ་ནེ་ཡུལ་གྱི་མི་རིགས་སོ་སོ་དུས་ཡུན་རིང་པོའི་ཁྲོད་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བྱུང་བའི་བསྙོན་མེད་ཀྱི་དན་རྟགས་དང་། ཅོ་ནེ་མི་དམངས་ཀྱིས་དུས་རབས་གསར་པར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ཏུ་བསྟར་བའི་མངོན་གསལ་གྱི་བྱེད་ཕྱོགས་ཀྱང་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།