logo

ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་གྱི2025ལོའི་གསེར་ལྡན་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་སྟོན་སྤེལ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2025-08-11 ཀློག་གྲངས།:
       ཟླ8པའི་ཚེས5ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་གསེར་ལྡན་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་སྟོན་སུམ་མདོ་གྲོང་རྡལ་གསེར་ལྡན་རྩྭ་ཐང་དུ་སྤེལ་མགོ་བརྩམས།
       ས་གནས་སོ་སོ་ནས་ཡོང་བའི་སྐུ་མགྲོན་དང་ཡུལ་སྐོར་བ། ས་གནས་དེའི་རིགས་སོ་སོའི་མང་ཚོགས་རྣམས་མཉམ་དུ་འཛོམས་ཏེ། སྲོལ་རྒྱུན་དང་ཡུལ་སྲོལ་གོམས་གཤིས་མཉམ་དུ་འདྲེས་པའི་རིག་གནས་དང་ཡུལ་སྐོར་གྱི་གསོལ་སྟོན་ལ་རོལ་མྱོང་བྱས།
       རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་སྟོན་གྱི་འཚོགས་ཡུན་ཉིན4ཡིན་པ་དང་། དེའི་རིང་ས་ཕྱོགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་འགྲན་བསྡུར་རྣམ་གྲངས་མང་པོ་གཅིག་བསྡུས་ངང་སྤེལ་རྒྱུ་ཡིན་ཞིང་། རྟ་རྒྱུག་དང་བྱེ་ཁུག་འདེགས་པ། ལ་གཞས་གདན་ཞུའི་འགྲན་བསྡུར། འོ་མ་བཞོ་བ། སྲོལ་རྒྱུན་ཐག་པ་འཁེལ་འཐེན་སོགས་འདུས། བྱ་འགུལ་དེ་དག་ལས་ས་གནས་དེའི་ཡུལ་སྐོར་རིག་གནས་ཀྱི་གཏིང་ཟབ་པའི་རྨང་གཞི་མངོན་ཡོད་པ་མ་ཟད། དེའི་ཁྲོད་དུ་ཞུགས་མཁན་རྣམས་ལ་ཐག་ཉེ་ས་ནས་དམངས་སྲོལ་གོམས་འདྲིས་ཉམས་ལེན་བྱེད་པའི་གོ་སྐབས་ཀྱང་མཁོ་འདོན་བྱས།
       ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་གྱི་ཡུལ་སྐོར་རིག་གནས་ཕུལ་བྱུང་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཆེད་དུ་རེད། དེ་དང་ཆབས་ཅིག་བྱ་འགུལ་གྱི་ཤུགས་རྐྱེན་ལ་བརྟེན་ནས"རི་མགོ་ཆུ་ཁུངས·རབ་མཛེས་མཚོ་སྔོན"ཞེས་པའི་རིག་གནས་ཡུལ་སྐོར་གྱི་སྣང་བརྙན་ཇེ་ལེགས་སུ་གཏོང་བ་དང་། "མཛེས་སྡུག་མང་རྫོང"དང"འཇག་རི་སུམ་མདོ"ཡི་སྐད་གྲགས་ཆོད་ཚད་དང་མཚན་སྙན་ཆེ་རུ་གཏོང་བར་རོགས་ཤུགས་བཏོན་ཏེ། ས་གནས་དེའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ངང་འཕེལ་རྒྱས་འབྱུང་བར་གསོན་ཤུགས་གསར་པ་བསྣན། །
འབྲེལ་ཡོད་འོས་སྦྱོར།