logo

བོད་ལྗོངས་སྐབས་དང་པོའི་ནས་ཀྱི་ཐོན་ལས་གོང་འཕེལ་གཏོང་བའི་ཚོགས་ཆེན་ལྷ་སར་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2025-08-13 ཀློག་གྲངས།:
       ཟླ8པའི་ཚེས8ཉིན། “ལྗང་མདོག་འཕེལ་རྒྱས· བདེ་ཐང་མཉམ་སྤྱོད། ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ལྗོངས་སྐབས་དང་པོའི་ནས་ཀྱི་ཐོན་ལས་གོང་འཕེལ་གཏོང་བའི་ཚོགས་ཆེན་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད། ཚོགས་ཆེན་གྱི་དགོངས་དོན་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་ཚུན་གྱི་ནས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་འགྲེམས་སྟོན་བྱས་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་ཐུན་མོང་ཐོག་གྲོས་མོལ་བྱས་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ཡོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་དེ་རེད།
བོད་ལྗོངས་སྐབས་དང་པོའི་ནས་ཀྱི་ཐོན་ལས་གོང་འཕེལ་གཏོང་བའི་ཚོགས་ཆེན།
       ཚོགས་ཆེན་རིང་ཚོགས་ཞུགས་མི་སྣས་ནས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་། ནས་ཐོན་རྫས་འགྲེམས་སྟོན། དྲ་གྲགས་ཅན་ཐད་གཏོང་ཁང་བཅས་ལ་བརྟེན་ནས་བོད་ལྗོངས་ཀྱི་ནས་ཐོན་ལས་འཕེལ་རྒྱས་དང་ཁྲོམ་ར་ཤེས་རྟོགས་གཏིང་ཟབ་བྱས་པ་རེད། ཚོགས་ཆེན་གྱི་ཡུལ་དངོས་སུ་ནས་ཐོན་ལས་དྲིལ་བསྒྲགས་གློག་བརྙན་བསྟན་པ་མ་ཟད། བོད་ལྗོངས་ས་མཐོའི་ཞིང་འབྲོག་པའི་ཁྱད་ལྡན་ཐོན་རྫས་ཚོང་འགུགས་མ་འདྲེན་གྱི་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་པ་རེད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཨུ་ཡོན་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཟུར་པ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གྲོང་གསེབ་དར་རྒྱས་སློབ་གླིང་གི་ཡོན་ཀྲང་ཀྲང་ཧེ་ཁྲིན་གྱིས་ནས་ཀྱི་ཐོན་ལས་འབྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་ལ་དམིགས་ནས་ཆེད་དོན་གཏམ་བཤད་གནང་།
བོད་ལྗོངས་ས་མཐོའི་ཞིང་འབྲོག་པའི་ཁྱད་ལྡན་ཐོན་རྫས་ཚོང་འགུགས་མ་འདྲེན་གྱི་གན་རྒྱ་འཇོག་པའི་མཛད་སྒོའི་ཡུལ་དངོས།
       བོད་ལྗོངས་ས་མཐོའི་ཞིང་འབྲོག་པའི་ཁྱད་ལྡན་ཐོན་རྫས་ཚོང་འགུགས་མ་འདྲེན་གྱི་གན་རྒྱ་འཇོག་པའི་མཛད་སྒོའི་ཡུལ་དངོས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་བོད་ལྗོངས་ཀྱི་ས་ཞིང་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི230.1ཟིན་པ་དང་ཐོན་ཚད་ཏུན་ཁྲི88.8ཟིན་ནས་སོ་སོར་རྒྱལ་ཡོངས་ཀྱི47%དང64%ཟིན་ཡོད། རྒྱལ་ཡོངས་ཀྱི་ནས་ཐོན་ལས་ལག་རྩལ་མ་ལག་དང་པོ་བཙུགས་པ་བརྒྱུད་བོད་ལྗོངས་ཀྱིས་བོད་ནས་ཀྱི་རིགས་དང་ཧི་མ་ལ་ཡའི་ནས་རིགས་སོགས་སྤུས་ལེགས་སོན་རིགས78བཏོད་པར་མ་ཟད། ཚན་རིག་དང་མཐུན་པའི་སྒོ་ནས་ལུད་རྒྱག་པ་དང་། ནད་དང་འབུའི་གནོད་འཚེ་ཕྱོགས་བསྡུས་ཚོད་འཛིན། བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་སོགས་ཀྱི་བྱེད་ཐབས་བརྒྱུད་འབྲུ་རིགས་ཀྱི་མུའུ་རེའི་ཐོན་འབབ1975ལོ་ལས་ལྡབ2.2འཕར་ཡོད། བོད་ལྗོངས་ཀྱིས་ནས་ཀྱི་ཐོན་རྫས་རིགས4སྣ་ཁ80ལྷག་ཙམ་གསར་སྤེལ་བྱས་པ་དང་གྲོང་ཁྱེར་རིམ་པ་ཡན་གྱི་སྣེ་ཁྲིད་ཁེ་ལས38གསོ་སྐྱོང་བྱས་ནས་ལོ་རེའི་ལས་སྣོན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར12ཡན་བརྒལ་ནས་རང་སྐྱོང་ལྗོངས་རིམ་པའི་ཚོང་རྟགས་གྲགས་ཅན་ཁག་གཅིག་བཏོད་ཡོད།
       ཚོགས་ཆེན་གྱི་རྗེས་ལ་ཚོགས་ཞུགས་མི་སྣས་ཡུལ་དངོས་སུ་ལྷུན་གྲུབ་རྫོང་གི་ས་བོན་ཐོན་ཁུངས་སྲུང་སྐྱོང་དང་གསར་གཏོད་ཀྱི་བེད་སྤྱོད་རྟེན་གཞི་དང་། ས་བོན་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི། ལྷ་ས་གྲོང་ཁྱེར“ས་བོན་གྲངས་གཞིའི་ཁང”གི་བློ་རིག་ཞིང་ལས་དོ་དམ་ལས་སྟེགས་བོད་ལྗོངས་ཀྱི་ཆི་ཀྲེང་ས་བོན་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ལ་ལྟ་སྐོར་བྱས།
ནས་ཀྱི་ཐོན་རྫས་འགྲེམས་སྟོན་ཁུལ།
དབྱར་རྩྭ་དགུན་འབུའི་འགྲེམས་སྟོན་ཁུལ།
       ཚོགས་ཆེན་ཐོག་དུས་མཚུངས་སུ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་སྤེལ་རེས་ཚོགས་འདུ་དང་། ཞིང་འབྲོག་ཐོན་རྫས་འགྲེམས་སྟོན་མྱོང་དཔྱད་དང་དེ་བཞིན་དྲ་ཐོག་གྲགས་ཅན་གྱི་ཐད་གཏོང་བྱེད་སྒོ་བཅས་འཚོགས་པ་རེད། ཆུ་ཤུར་རྫོང་དང་། སྟག་རྩེ་ཁུལ། ལྷུན་གྲུབ་རྫོང་། བསམ་གྲུབ་རྩེ་ཁུལ། ལྷུན་རྩེ་རྫོང་། རྒྱལ་རྩེ་རྫོང་མི་དམངས་སྲིད་གཞུང་དང་དེ་བཞིན་ལྗོངས་ཕྱི་ནང་གི་ནས་ཀྱི་ལས་སྣོན་སྣེ་ཁྲིད་ཁེ་ལས་མང་པོས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པར་ནས་ཀྱི་དཔེ་སྟོན་ཐོན་ལས་གླིང་འཛུགས་སྐྲུན་དང་། ཐོན་སྐྱེད་ལས་སྣོན། ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད་སོགས་རྣམ་གྲངས10ཚུད་ཡོད། ལྗོངས་ཕྱི་ནང་ནས་ཡོང་བའི་ཆེད་མཁས་པ་དང་། ཁེ་ལས་ཀྱི་འཐུས་མི། ལས་རིགས་ཀྱི་རྩེ་ཕུད་བཅས་མཉམ་དུ་འཛོམས་ནས་ནས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དང་། འགྲན་སློང་གསར་པ། ཐབས་ལམ་གསར་པ་བཅས་ལ་ཞིབ་དཔྱད་གཏིང་ཟབ་བྱས་ཏེ་བོད་ལྗོངས་ཀྱི་ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
གཙོ་སྐྱོང་གིས་བྱེད་སྒོའི་ཡུལ་དངོས་སུ་ཐད་གཏོང་ཁང་དུ་ཞིང་འབྲོག་ཐོན་རྫས་འགྲེམ་འཚོང་བྱེད་བཞིན་པ།
       བོད་ལྗོངས་ཀྱིས་ད་ཐེངས་ཀྱི་ཚོགས་ཆེན་གོ་སྐབས་སུ་བཟུང་ནས་གསར་གཏོད་དང་འབད་བརྩོན་གྱིས་མདུན་སྐྱོད་བྱས་ཏེ། ནས་སོན་གྲོང་གསེབ་དར་རྒྱས་གཏོང་བའི་ས་ཞིང་དུ་སྔར་ལས་གཏིང་ཟབ་ཏུ་རྩ་བ་ཚུགས་པ་དང་། ཐོན་ལས་མཉམ་འདྲེས་ཀྱི་རླབས་རྒྱུན་ཁྲོད་སྔར་ལས་དར་རྒྱས་ཆེན་པོ་ཡོང་བ་དང་། “ས་མཐོའི་མུ་ཏིག”གིས་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུ་གསལ་བར་བྱེད་པ། ས་མཐོའི་ཞིང་འབྲོག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་དང་། གངས་ལྗོངས་ཀྱི་ནས་ཀྱི་དྲི་ཞིམ་རྒྱལ་ཡོངས་དང་འཛམ་གླིང་དུ་ཁྱབ་པ་བཅས་བྱ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།